མཚོ་སྔོན་ཞིང་ཆེན་བདེ་འཇགས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གིས་ཆེད་དོན་ལྟ་སྐུལ་ཞིབ་བཤེར་སྤེལ་ནས་རིམས་ནད་འགོག་སྡོམ་སྐབས་ཀྱི་བདེ་འཇགས་ཐོན་སྐྱེད་བྱ་བ་དམ་འཛིན་བྱས།
2022.12.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 22

རིམས་ནད་འགོག་སྡོམ་སྐབས་ཀྱི་བདེ་འཇགས་ཐོན་སྐྱེད་དམ་འཛིན་བྱེད་ཆེད། ཞིང་ཆེན་བདེ་འཇགས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གིས་ཞིང་ཆེན་མེ་གསོད་བདེ་འཇགས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་དང་ཞིང་ཆེན་འཕྲལ་བསྟུན་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་། ཞིང་ཆེན་རིམས་ནད་འགོག་སྡོམ་བཀོད་འདོམས་པུའུ་གཞུང་སྒྲུབ་བཅས་དང་མཉམ་འབྲེལ་བྱས་ནས་རིམས་ནད་འགོག་སྡོམ་སྐབས་ཀྱི་བདེ་འཇགས་འགོག་སྲུང་དང་འཕྲལ་བསྟུན་ཐག་གཅོད་བྱ་བར་ཤུགས་སྣོན་པའི་སྐོར་གྱི་བྲེལ་མྱུར་བརྡ་སྦྱོར་འགྲེམ་སྤེལ་བྱས་ཏེ། རིམས་ནད་འགོག་སྡོམ་གནས་བབ་འོག་གི་བདེ་འཇགས་ཐོན་སྐྱེད་བྱ་བ་མཐའ་གཅིག་ཏུ་བཟང་བོར་བསྒྲུབ་པའི་ཐད་ནས་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས།

ཟླ་བཅུ་གཅིག་པའི་ཚེས་ཉེར་བརྒྱད་ཉིན། ཞིང་ཆེན་བདེ་འཇགས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གིས་མྱུར་དུ་ཐིན་རིམ་པའི་འགོ་ཁྲིད་ཀྱི་སྣེ་ཁྲིད་པའི་ཞིབ་བཤེར་ཚན་ཆུང་བཞི་བཙུགས་པ་དང་། སྐབས་བསྟུན་འཐེན་ཞིབ་ཀྱི་རྣམ་པ་སྤྱད་དེ་ཟི་ལིང་གྲོང་ཁྱེར་གྱི་གཙོ་གནད་མཁར་ཁུལ་བཞི་དང་བཟོ་ལས་ར་བའི་ཁུལ་བཞིའི་ཡུལ་གནས་གཙོ་བོ་དང་འབྲེལ་ཡོད་ཁེ་ལས་ཀྱི་རིམས་ནད་འགོག་སྡོམ་སྐབས་ཀྱི་བདེ་འཇགས་ཐོན་སྐྱེད་དང་མེ་འགོག་བདེ་འཇགས་བྱ་བར་ཆེད་དོན་ལྟ་སྐུལ་མཛུབ་སྟོན་དང་ཞིབ་བཤེར་བྱས།

ལྟ་སྐུལ་ཞིབ་བཤེར་ཚན་ཆུང་གིས་མཁར་བྱང་ཁྲའོ་དབྱང་དངོས་སྐྱེལ་འཛུགས་སྐྲུན་རྒྱུ་ཆས་ར་བ་དང་ཐེན་ལུའུ་འོ་ལས་ཀུང་ཟི། མཁར་ཤར་ཝང་ཅ་སྡེ་བའི་སྡེབས་འཚོང་ཚོང་ར། ཀྲིག་ཆ་ཆོན་དྲོད་འདོན་ཀུང་ཟི། མཁར་དཀྱིལ་ཟི་ལིང་སྤྱི་ཚོགས་ཕན་བདེ་གླིང་། དབྱི་ཅཱ་ཆིན་སྣ་འཛོམས་ཚོང་ཁང་དང་འབྲེལ་ཡོད་གཏན་ཁེལ་ལོགས་བཀར་མགྲོན་ཁང་། བཀག་སྡོམ་སྡེ་ཁུལ་སོགས་ཡུལ་གནས་གཙོ་བོ་དང་ཁེ་ལས་བཅོ་ལྔར་ཡུལ་དངོས་ཞིབ་བཤེར་བྱས་པ་དང་། གཙོ་བོར་རིམས་ནད་འགོག་སྡོམ་སྐབས་ཀྱི་བདེ་འཇགས་ཐོན་སྐྱེད་འགན་འཁྲི་ལག་བསྟར་བྱས་པའི་གནས་ཚུལ་དང་ཉེན་ཁ་རྟོག་སེལ་བཅོས་སྐྱོང་བྱ་བ་སྤེལ་བའི་གནས་ཚུལ་དང་། བདེ་འཇགས་འགོག་སྲུང་བྱེད་ཐབས་ལག་བསྟར་གནས་ཚུལ་དང་མེ་གསོད་མེ་འགོག་སྒྲིག་ཆས་ཆ་ཚང་ཡིན་མིན་དང་བཀོལ་ཆོག་མིན། ཁ་འགྲེམ་བགྲོད་ལམ་དང་བདེ་འཇགས་བགྲོད་ལམ། མེ་འགོག་མེ་གསོད་རླངས་འཁོར་གྱི་བགྲོད་ལམ་ཐོགས་མེད་ཡིན་མིན། འཕྲལ་བསྟུན་ཁ་འགྲེམ་ཇུས་གཞི་གཏན་འབེབས་ཐད་ནས་ལུགས་མཐུན་ཡིན་མིན། མེ་འགོག་མེ་གསོད་བདེ་འཇགས་ཐད་ཀྱི་ཉིན་རྒྱུན་གྱི་དྲིལ་སྒྲོག་གསལ་འདེབས་དང་སྐོར་ཞིབ་ཞིབ་བཤེར་བྱ་བ་སྤེལ་བའི་གནས་ཚུལ་སོགས་ལ་ཞིབ་བཤེར་བྱས། ཞིབ་བཤེར་ཁྲོད་རྙེད་པའི་ཉེན་ཁ་གནད་དོན་ལ་ཁ་གཏད་དེ། མྱུར་དུ་དག་ཐེར་ལེགས་བཅོས་བྱས་ནས་གནད་དོན་མི་འབྱུང་བར་ཁག་ཐེག་བྱེད་རྒྱུའི་རེ་བ་བཏོན།

ལྟ་སྐུལ་ཞིབ་བཤེར་ཚན་ཆུང་གིས། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་བ་དང་། ཚེ་སྲོག་བླ་ན་མེད་པ་དང་བདེ་འཇགས་ཨང་དང་པོར་འཇོག་པ་རྒྱུན་འཁྱོངས་བྱེད་པ། ཚོད་རྩིས་ཆེན་པོའི་བསམ་བློས་ཚོད་རྩིས་ཆུང་བའི་དོན་རྐྱེན་ལ་ཁ་གཏད་འཇལ་བ་རྒྱུན་འཁྱོངས་བྱེད་པ། རིམས་ནད་འགོག་སྡོམ་དང་བདེ་འཇགས་ཐོན་སྐྱེད་བྱ་བ་བཟང་བོར་བསྒྲུབ་པར་གཅིག་འདོམས་ནན་མོ་བྱེད་པ། ཁོངས་གཏོགས་ས་ཆའི་དོ་དམ་འགན་འཁྲི་དང་སྡེ་ཁག་གི་ལྟ་སྐུལ་དོ་དམ་འགན་འཁྲི། ཁེ་ལས་ཀྱི་གཙོ་གཞི་འགན་འཁྲི་ལག་བསྟར་ནན་མོ་བྱེད་པ། རིམས་ནད་འགོག་སྡོམ་དང་འབྲེལ་བའི་གཙོ་གནད་ཡུལ་གནས་ཀྱི་བདེ་འཇགས་ཉེན་ཁ་རྟོག་སེལ་བཅོས་སྐྱོང་ལ་ཤུགས་སྣོན་པ། ཁང་བའི་བདེ་འཇགས་དང་མེ་འགོག་མེ་གསོད་བདེ་འཇགས། དམིགས་བསལ་སྒྲིག་ཆས་བདེ་འཇགས གློག་བཀོལ་རླངས་སྤྱོད་བདེ་འཇགས་སོགས་ཁྱབ་ཁོངས་འབུར་དུ་ཐོན་པར་བྱེད་པ། སྐོར་ཞིབ་ཞིབ་བཤེར་བྱེད་ཤུགས་ཇེར་སྐྱེད་པ། བདེ་འཇགས་ངང་རླངས་སྤྱོད་གློག་བཀོལ་བྱེད་པ་སོགས་མེ་འགོག་མེ་གསོད་བདེ་འཇགས་དྲིལ་སྒྲོག་སློབ་གསོ་དང་མི་སྣའི་སེམས་ཁམས་སློབ་སྟོན་ལ་ཤུགས་སྣོན་པ། དུས་ཐོག་ཏུ་བདེ་འཇགས་མིན་པའི་རྒྱུ་རྐྱེན་མེད་པར་བཟོ་བ། རིམས་ནད་འགོག་སྡོམ་བྱེད་པའི་དབང་གིས་རང་དགར་དུ་མེ་འགོག་མེ་གསོད་བགྲོད་ལམ་འགོག་པ་སོགས་ཀྱི་བྱ་སྤྱོད་མཐའ་གཅིག་ཏུ་བཀག་འགོག་བྱེད་པ། རིགས་མི་འདྲ་བའི་བདེ་འཇགས་དོན་རྐྱེན་སྣ་ཚོགས་འབྱུང་བར་བཀག་འགོག་བྱས་ནས། རང་ཞིང་གི་སྤྱི་ཚོགས་ཡོངས་ཀྱི་བདེ་འཇགས་གཏན་འཇགས་ལ་ཁག་ཐེག་བྱེད་དགོས་པའི་རེ་བ་བཏོན།

རིན་ཆེན་མཚོས་བསྒྱུར།