ཟླ་བཅུ་གཉིས་པའི་ཚེས་བཞི་ཉིན་ནི་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོ་ཐེངས་དགུ་པ་དང་། རྩ་ཁྲིམས་དྲིལ་སྒྲོག་གཟའ་འཁོར་ཐེངས་ལྔ་པ་རེད། ཞིང་ཆེན་གྱི་ས་གནས་སོ་སོས་དྲ་ལམ་གྱི་བྱ་དགའ་ཅན་གྱི་ཤེས་བྱའི་འདྲི་རྒྱུགས་དང་རྩ་ཁྲིམས་ཆེད་དོན་བརྗོད་གཞིའི་འཆད་ཁྲིད། རྩ་ཁྲིམས་ཀྱི་བརྗོད་གཞི་དང་གྲོས་གཞི་གཏན་ཁེལ་བྱེད་པའི་རྣམ་པ་དང་ཡུལ་དངོས་ནས་རྩ་འཛུགས་བྱས་ནས་རྩ་ཁྲིམས་དམ་བཅའ་འཇོག་པ་སོགས་ཀྱི་བྱེད་སྒོ་སྤེལ་ནས་ནང་དོན་ཕུན་སུམ་ཚོགས་པ་དང་རྣམ་པ་སྣ་མང་གི་དྲིལ་སྒྲོག་བྱ་འགུལ་སྤེལ་ཏེ། རྩ་ཁྲིམས་དྲིལ་སྒྲོག་གི་ཚ་རླབས་བསླངས།
ངོ་སྤྲོད་བྱས་པ་ལྟར་ན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་བྱེད་པ་དང་རྩ་ཁྲིམས་ཀྱི་དགོངས་དོན་དར་སྤེལ་གཏོང་བ། རྩ་ཁྲིམས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་ཆེད། ཟླ་བཅུ་གཉིས་པའི་ཚེས་བཞི་ཉིན་ཏེ་རྒྱལ་ཁབ་རྩ་ཁྲིམས་ཉིན་མོར་རང་རེའི་ཞིང་ཆེན་གྱིས་རྩ་འཛུགས་བྱས་ནས་རྩ་ཁྲིམས་ང་དང་མཉམ་དུ་ཡོད་ཅེས་པའི་དམངས་ཡོངས་ཀྱི་རྒྱུགས་ལེན་བྱ་འགུལ་སྤེལ་བ་དང་། ཞིང་ཆེན་ཡོངས་སུ་བསྡོམས་པས་རྒྱལ་ཁབ་ཀྱི་ལས་བྱེད་པ་འབུམ་གཅིག་དང་ཁྲི་བརྒྱད་སྟོང་གཉིས་དང་། མང་ཚོགས་ཁྲི་གསུམ་རྒྱུགས་ལེན་བྱ་འགུལ་ལ་ཞུགས། དེ་དང་མཉམ་དུ་མཚོ་སྔོན་ཁྲིམས་ལུགས་ཁྱབ་བརྡལ་སྟེགས་བུའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་རྩ་ཁྲིམས་ང་དང་མཉམ་དུ་ཡོད་ཅེས་པའི་བརྗོད་གཞི་ཆེད་གླེང་བསྒྲུབས་པ་དང་། བརྗོད་གཞི་བདུན་སྤེལ་བ་དང་ལྟ་ཀློག་གི་གྲངས་འབོར་མི་ཐེངས་ཁྲི་ལྔ་ལྷག་ལ་བུད། དབྱི་ཏུང་དང་ལེན་ཐུང་། གློག་འཕྲིན་སོགས་ཀྱི་ལས་སྣེ་བརྒྱུད་ནས་ཞིང་ཆེན་ཡོངས་ཀྱི་ཁ་པར་བེད་སྤྱོད་བྱེད་མཁན་ལ་རྩ་ཁྲིམས་ཕྱོགས་ཀྱི་སྤྱི་ཕན་རྩ་ཁྲིམས་ཁྱབ་བརྡལ་གྱི་བརྡ་འཕྲིན་བསྐུར་ཏེ། རྩ་ཁྲིམས་དྲིལ་སྒྲོག་ཡོངས་སུ་ཁེབས་པར་སྐུལ་འདེད་བཏང་། དེ་མིན་ཟླ་བཅུ་གཉིས་པའི་ཚེས་བཞི་ཉིན་ཞེས་པ་དང་རྩ་ཁྲིམས་མདུན་གྱི་ན་མཉམ་ཞེས་པ་སོགས་བརྩམས་ཆོས་བཅུ་གཉིས་བསྡུ་རུབ་བྱས་པ་དང་ལྟ་ཀློག་མི་འབོར་འབུམ་གཅིག་ལྷག་ལ་བུད། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་རྩ་ཁྲིམས་དྲིལ་སྒྲོག་གི་སྤྱི་ཕན་བརྡ་ཁྱབ་བཏང་ནས་སྤྱི་ཚོགས་ཡོངས་སུ་རྩ་ཁྲིམས་ལ་གུས་བརྩི་བླ་མེད་བྱེད་པ་དང་རྩ་ཁྲིམས་ལ་སློབ་སྦྱོང་བྱེད་པ། རྩ་ཁྲིམས་བེད་སྤྱོད་བྱེད་པའི་རྣམ་པ་བཟང་པོ་མངོན་པར་བྱས།
རྒྱུས་ལོན་པ་ལྟར་ན། ཉིན་དེར་ཞིང་ཆེན་ཡོངས་ཀྱིས་ཁྱོན་བསྡོམས་བརྗོད་དོན་དྲིལ་སྒྲོག་བྱ་འགུལ་སྟོང་ལ་ཉེ་བ་སྤེལ་བ་དང་ཟབ་ཞུགས་མི་གྲངས་འབུལ་ལྔ་ལྷག་ལ་བུད་ཅིང་། མི་དམངས་མང་ཚོགས་ཀྱི་རྩ་ཁྲིམས་ཀྱི་འདུ་ཤེས་མཐོར་འདེགས་དང་རྩ་ཁྲིམས་ཀྱི་དགོངས་དོན་ཁྱིམ་ཚང་རེ་རེ་དང་མི་སེམས་སུ་སིམ་པའི་དྲིལ་སྒྲོག་གི་རྣམ་པ་བཟང་པོ་མངོན།
མི་ཕམ་མགོན་པོས་བསྒྱུར།