ཟླ་བཅུ་གཉིས་པའི་ཚེས་བཞི་ཉིན་གྱི་དུས་ཚོད་ཉི་ཤུ་དང་སྐར་མ་དགུའི་སྟེང་དུ། ལྷ་གྲུ་ཨང་བཅུ་བཞི་པའི་མི་སྡོད་འཕུར་གྲུའི་ཕྱིར་སྐྱོད་གྲུ་ཚང་ཤར་རླུང་འབབ་ཚིགས་སུ་བདེ་བླག་ངང་སར་བབས་པ་དང་། ཡུལ་དངོས་ཀྱི་སྨན་བཅོས་རྟོག་ཞིབ་དང་འགན་སྲུང་མི་སྣས་འཕུར་སྐྱོད་པ་ཁྲིན་ཏུང་དང་ལིའུ་ཞང་། ཚེ་ཞུའུ་ཀྲི་བཅས་ཀྱི་ལུས་ཁམས་བདེ་ཐང་ཡིན་པར་ངོས་འཛིན་བྱས་ལ། ལྷ་གྲུ་ཨང་བཅུ་བཞི་པའི་མི་སྡོད་འཕུར་སྐྱོད་ལས་འགན་བདེ་བླག་ངང་ཡོངས་འགྲུབ་བྱས།
ཀྲུང་གོ་མི་སྡོད་འཇིག་རྟེན་འཕུར་སྐྱོད་བཟོ་སྐྲུན་གཞུང་སྒྲུབ་ཁང་གིས་ངོ་སྤྲོད་བྱས་པ་ལྟར་ན། དུས་ཚོད་བཅུ་དགུ་དང་སྐར་མ་ཉི་ཤུའི་སྟེང་། པེ་ཅིང་འཇིག་རྟེན་འཕུར་སྐྱོད་ཚོད་འཛིན་ལྟེ་གནས་ཀྱིས་ས་ངོས་ཚད་ལེན་ཚོད་འཛིན་ས་ཚིགས་བརྒྱུད་དེ་ཕྱིར་སྐྱོད་བཀའ་རྒྱ་བཏང་བ་དང་། ལྷ་གྲུ་ཨང་བཅུ་བཞི་པའི་མི་སྡོད་འཕུར་གྲུའི་གྲུ་ཚང་དང་ཕྱིར་སྐྱོད་གྲུ་ཚང་གཉིས་བདེ་བླག་ངང་ཁ་གྱེས། དེའི་རྗེས་སུ། འཕུར་གྲུ་ཕྱིར་བསྐྱོད་ནས་བཀག་གཏོང་སྒུལ་བྱེད་འཕྲུལ་འཁོར་ལ་མེ་སྦར་ནས་ཕྱིར་སྐྱོད་གྲུ་ཚང་དང་སྒུལ་གྲུ་གཉིས་སོ་སོར་ཕྱེས། ཕྱིར་སྐྱོར་གྲུ་ཚང་བདེ་བླག་ངང་སར་བབས་རྗེས། འཚོལ་སྐྱོབ་དང་ཕྱིར་བསྡུའི་འགན་འཁུར་བའི་འཚོལ་སྐྱོབ་རུ་ཁག་གིས་དུས་ཐོག་ཏུ་དམིགས་འབེན་རྙེད་པར་བྱས་པ་དང་ལྷ་གྲུ་འབབ་སའི་ཡུལ་དངོས་སུ་ཐོན། ཕྱིར་སྐྱོད་གྲུ་ཚང་གི་སྒོ་ཕྱེས་རྗེས། སྨན་བཅོས་རྟོག་ཞིབ་འགན་སྲུང་མི་སྣས་འཕུལ་སྐྱོད་པ་དག་གི་ལུས་ཕུང་བདེ་ཐང་ཡིན་པར་ངོས་བཟུང་།
ལྷ་གྲུ་ཨང་བཅུ་བཞི་པའི་མི་སྡོད་འཇིག་རྟེན་འཕུར་གྲུ་ཉིས་སྟོང་ཉེར་གཉིས་ལོའི་ཟླ་དྲུག་པའི་ཚེས་ལྔ་ཉིན་ཅིག་ཆོན་འཁོར་སྐར་འཕེན་གཏོང་ལྟེ་གནས་ནས་བར་སྣང་ལ་བཏང་བ་དང་། དེའི་རྗེས་སུ་ཐེན་ཧི་ལྟེ་བའི་གྲུ་ཚང་དང་སྦྲེལ་མཐུད་བྱས་ཏེ་ཚན་སྒྲིག་བྱས་པ་རེད། འཕུར་སྐྱོད་པ་གསུམ་འཁོར་ལམ་དུ་བཅའ་སྡོད་བྱས་པའི་ཟླ་དྲུག་གི་རིང་ལ། སྔ་གཞུག་ཏུ་གྲུ་ཚང་ནས་ཕྱིར་འབུད་པའི་བྱ་འགུལ་ཐེངས་གསུམ་སྤེལ་བ་དང་། བར་སྣང་ས་ཚིགས་ཀྱི་གྲུ་ཚང་ཕྱི་ནང་གི་སྒྲིག་ཆས་དང་བར་སྣང་བཀོལ་སྐྱོད་ལས་འགན་གྱི་འབྲེལ་ཡོད་སྒྲིག་ཆས་ཀྱི་སྒྲིག་སྦྱོར་དང་ཚོད་ལྟ་ཡོངས་འགྲུབ་བྱས་པ་དང་། བར་སྣང་ཚན་རིག་ཚོད་ལྟ་དང་ལག་རྩལ་ཚོད་ལྟ་རབ་དང་རིམ་པ་སྤེལ་ལ། འཁོར་ལམ་དུ་བར་སྣང་ས་ཚིགས་ཀྱི་གྲུ་ཚང་གཉིས་དང་མི་སྡོད་འཕུར་གྲུ་གཅིག དངོས་ཟོག་སྐྱེལ་འདྲེན་འཕུར་གྲུ་གཅིག་བཅས་བར་སྣང་དུ་ཐོན་པར་བསུ་མ་བྱས་པ་དང་། ས་ངོས་དང་གཞོགས་འདེགས་བྱས་ནས་ཀྲུང་གོའི་བར་སྣང་ས་ཚིགས་ཀྱི“T”ཞེས་པའི་ཡི་གེའི་དབྱིབས་ཀྱི་ཚོ་སྒྲིག་བཟོ་སྐྲུན་ཡོངས་འགྲུབ་བྱས། དེ་མིན་ལྷ་གྲུ་ཨང་བཅོ་ལྔ་པའི་འཇིག་རྟེན་འཕུར་སྐྱོད་པ་དང་འཁོར་ལམ་ནས་ཐོག་མའི་ལས་འགན་རྩིས་སྤྲོད་བྱ་བ་ཡོངས་འགྲུབ་བྱས་པ་དང་དངོས་ཟོག་སྐྱེལ་འདྲེན་འཕུར་གྲུ་དང་བར་སྣང་ས་ཚིགས་བར་གྱི་སྦྲེལ་མཐུད་ཆེས་མགྱོགས་པའི་འཛམ་གླིང་གི་ཟིན་ཐོ་བསྐྲུན་པ་སོགས་ལོ་རྒྱུས་རང་བཞིན་གྱི་དུས་སྐབས་མང་པོར་བདེན་དཔང་བྱས་པར་མ་ཟད། ལས་འགན་སྒྲུབ་པའི་བར་གསེང་སྤྱད་དེ་བར་སྣང་སློབ་ཁྲིད་ཐེངས་གཅིག་བྱས་པ་དང་། ཐུན་མིན་ཁྱད་ཆོས་ལྡན་པའི་ཚན་རིག་ཁྱབ་གདལ་སློབ་གསོ་དང་རིག་གནས་བརྒྱུད་སྤེལ་བྱ་འགུལ་རབ་དང་རིམ་པ་སྤེལ་བ་རེད།
ཁྲིན་ཏུང་ཀྲུང་གོའི་འཁོར་ལམ་དུ་བསྡད་པའི་དུས་ཚོད་ཉིན་ཉིས་བརྒྱ་ལས་བརྒལ་བའི་འཕུར་སྐྱོད་པ་ཐོག་མ་རུ་གྱུར།
ལྷ་མོ་ཚེ་རིང་གིས་བསྒྱུར།