ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན། གསར་འགོད་པས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་འབྲེལ་ཡོད་སྡེ་ཁག་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་བའི་ལོ་འགའི་རིང་ལ། ཀྲུང་གོ་ཞིང་ལས་དངུལ་ཁང་ཡུས་ཧྲུའུ་ཡན་ལག་དངུལ་ཁང་གིས་གྲོང་གསེབ་དར་སྤེལ་ལ་དངུལ་རྩས་རྒྱབ་སྐྱོར་བྱེད་ཚད་རྒྱུན་མཐུད་ངང་མཐོར་འདེགས་བཏང་ནས་དངུལ་ཁང་གིས་ཞབས་ཞུ་སྒྲུབ་པ་དང་རོང་འབྲོག་མང་ཚོགས་ཀྱིས་ཞབས་ཞུ་མྱོང་བ། སྲིད་གཞུང་གིས་རྒྱབ་སྐྱོར་བྱེད་པའི་ཕན་ནུས་བཟང་པོ་མངོན་པར་བྱས། མིག་སྔར་དངུལ་ཁང་འདིས་ཞིང་འབྲེལ་དངུལ་བསྐྱི་དང་གྲོང་གསེབ་དར་སྤེལ་རོགས་སྐྱོར་རྫོང་གཙོ་བོར་ཁྱོན་སྡོམ་སྒོར་ཐེར་འབུམ་བཞི་དང་དུང་ཕྱུར་དགུ་དང་སྒོར་ཐེར་འབུམ་བདུན་དང་དུང་ཕྱུར་གསུམ་བཏང་ནས། རོང་འབྲོག་ཆེད་ལས་མཉམ་ལས་ཁང་གྱ་ལྔ་དང་རོང་འབྲོག་ཁྱིམ་ཚང་འབུམ་གཅིག་དང་ཁྲི་གཉིས་ལ་ཕན་བཏགས།
དངུལ་ཁང་འདིས་ས་གནས་ཀྱི་ཁྱད་ལྡན་ཐོན་ལས་གཞིར་བྱས་ནས་རྣམ་པ་གསར་བའི་གཏའ་མར་འཇོག་པའི་བྱེད་ཐབས་སྤྱད་ནས་སྔ་གཞུག་ཏུ་ཞིང་ཕན་ཕྱོགས་ཀྱི་དབྱར་རྩྭ་དགུན་འབུའི་དངུལ་བསྐྱི་དང་གྲོང་གསེབ་དར་སྤེལ་ཐད་ཀྱི་དངུལ་བསྐྱི་སོགས་ཆེད་གཏོགས་ཡིད་རྟོན་དངུལ་བསྐྱིའི་ཚབ་སྤྲོད་ཐོན་རྫས་བཏོན་པ་དང་། ནུས་ཤུགས་ཡོད་རྒུས་དབྱར་རྩྭ་དགུན་འབུ་བརྐོ་བ་དང་སྣེ་ཁྲིད་ཁེ་ལས། མཉམ་ལས་ཁང་སོགས་འཕེལ་རྒྱས་སུ་འགྲོ་བར་རྒྱབ་སྐྱོར་བྱས།
དེ་མིན་ཞིང་སྡེའི་ཐུན་མོང་ཐོན་དབང་ལམ་ལུགས་བཅོས་སྒྱུར་གྱི་ཚོང་རའི་གོ་སྐབས་དམ་འཛིན་བྱས་ནས་ཤུགས་ཆེན་པོས་ཞིང་སྡེའི་ཡིད་རྟོན་མ་ལག་འཛུགས་སྐྲུན་དང་གཞི་གྲངས་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་། མིག་སྔར་དངུལ་ཁང་འདིས་ཞིང་སྡེའི་ཐུན་མོང་དཔལ་འབྱོར་རྩ་འཛུགས་སྡེ་བའི་རིམ་པ་དང་པོའི་རྩིས་ཐེམ་བརྒྱ་དང་གོ་དྲུག་བཙུགས།
ཀུན་ཕན་དངུལ་རྩའི་ཞབས་ཞུའི་སྤུས་ཚད་མུ་མཐུད་མཐོར་འདེགས་བཏང་སྟེ་ཁེ་ལས་ཆུང་འབྲིང་སོགས་ཀྱི་ཚོང་རའི་དཀའ་ངལ་ཐག་གཅོད་བྱས། དངུལ་རྩའི་ལས་བྱེད་པ་བཀོད་སྒྲིག་བྱས་ནས་གྲོང་གསེབ་དར་སྤེལ་ཅུའུ་རུ་བརྗེ་རེས་བྱེད་པ་དང་ས་གནས་ཀྱི་རོང་འབྲོག་ལས་རིགས་འཕེལ་རྒྱས་ཐད་ཕྱོགས་ཡོངས་ཀྱི་དངུལ་རྩའི་ཞབས་ཞུ་འདོན་སྤྲོད་བྱས།
མི་ཕམ་མགོན་པོས་བསྒྱུར།