ཟླ་བཅུ་གཉིས་པའི་ཚེས་དགུ་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་ལམ། རིག་གནས་དང་ཡུལ་སྐོར་པུའུ་ཡིས་རྒྱལ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གྱི་གཙོ་གནད་སྡེ་བ་སྐོར་བཞི་པ་དང་རྒྱལ་ཡོངས་གྲོང་གསེབ་ཡུལ་སྐོར་གཙོ་གནད་གྲོང་རྡལ་དང་ཡུལ་ཚོ་སྐོར་གཉིས་པའི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་། ཟི་ལིང་གྲོང་ཁྱེར་སྟོང་སྐོར་རྫོང་ཏུང་ཞ་ཡུལ་ཚོ་པོ་ཅིན་སྡེ་བ་ཞོལ་མ་དང་མཚོ་ཤར་གྲོང་ཁྱེར་ལི་ཏུའུ་ས་ཁུལ་ཧོང་ཧྲུའེ་གྲོང་རྡལ་ལིས་ཅ་ཧའོ་སྡེ་བ། མཚོ་ཤར་གྲོང་ཁྱེར་མིན་ཧི་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་ཀྲུང་ཁྲོན་ཡུལ་ཚོ་ཞ་ཁི་སྡེ་བ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧེ་ཡན་རྫོང་མདའ་བཞི་སྡེ་བ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་རྨ་ནུབ་གྲོང་རྡལ་བཅས་རྒྱལ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གཙོ་གནད་གྲོང་རྡལ་དང་ཡུལ་ཚོའི་ཁྲོད་ཚུད།
རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིར་མིང་ཐོའི་ཁྲོད་ཚུད་པའི་གཙོ་གནད་སྡེ་བ་དྲུག་པོ་ལ་མཚོན་ན། ས་གནས་དེ་རུ་གཞི་ཁྱོན་ངེས་ཅན་དང་ཡང་ན་ཁྱད་དུ་འཕགས་པའི་རིག་གནས་དང་གནས་སྐོར་ཐོན་ཁུངས་ཡོད་པ་དང་། ཐོན་ཁུངས་ཀྱི་རིགས་སྣ་ཕུན་སུམ་ཚོགས་ཤིང་། གྲོང་གསེབ་ཀྱི་རིག་གནས་རྒྱུན་འཛིན་སྲུང་སྐྱོབ་དང་ཚུལ་སྒྱུར་འཕེལ་རྒྱས་ཅུང་བཟང་བ་དང་། ལྟ་སྐོར་གུང་སེང་དང་དམངས་སྲོལ་རིག་གནས། སྤྲོ་གསེང་ངལ་གསོ། གྲོང་གསེབ་ཀྱི་མགྲོན་ཁང་། ཁྱད་ལྡན་ཟས་རིགས། དུས་ཆེན་བྱ་འགུལ་སོགས་རིགས་སྣ་མང་ཞིང་དང་ཁྱད་འཕགས་ཁྱད་ཆོས་ལྡན་པའི་གནས་སྐོར་ཐོན་རྫས་གསར་སྤེལ་བྱས་པ་དང་། ལོ་རེར་གནས་སྐོར་བ་འབུམ་གསུམ་དང་ཁྲི་བདུན་སྟོང་བདུན་སྣེ་ལེན་བྱས་ལ། ལོ་རེའི་གནས་སྐོར་ཡོང་སྒོ་སྒོར་བྱེ་བ་གཅིག་དང་ས་ཡ་དགུ་འབུམ་དགུ་ཁྲི་བརྒྱད་ལ་སླེབས་པ་དང་། རང་སྡེ་བ་དང་མཐའ་འཁོར་གྱི་སྡེ་དམངས་བདུན་བརྒྱ་དང་ཞེ་ལྔའི་ལས་ཞུགས་གནད་དོན་ཐག་བཅད། དེའི་ཁྲོད་ཚུད་པའི་གཙོ་གནད་གྲོང་རྡལ་དང་ཡུལ་ཚོ་བཞི་བོས། གྲོང་གསེབ་ཡུལ་སྐོར་ལས་རིགས་ཁྲོད་གནས་ཐིག་གཏན་ཁེལ་གསལ་བོ་བྱས་པ་དང་། རིག་གནས་ཀྱི་གོ་དོན་ཕུན་སུམ་ཚོགས་པ་དང་བརྗོད་དོན་ཁྱད་ཆོས་འབུར་དུ་ཐོན་ལ། གྲོང་གསེབ་ཡུལ་སྐོར་གྱི་བསྡུ་རུབ་མཉམ་བསྲེས་འཕེལ་རྒྱས་ཀྱི་ཁྱད་ཆོས་མངོན་གསལ་ཡིན་པ་དང་། གྲོང་གསེབ་ཡུལ་སྐོར་གྱིས་མཁར་གྲོང་མཉམ་བསྲེས་དང་གཞི་རྩའི་སྤྱི་ཐུན་ཞབས་ཞུ་དོ་མཉམ་ཅན་དུ་བསྒྱུར་བའི་ཕན་འབྲས་ཅུང་བཟང་ལ། སྔ་གཞུག་ཏུ་རྒྱལ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གཙོ་གནད་སྡེ་བ་དྲུག་དང་ཞིང་ཆེན་རིམ་པའི་གྲོང་གསེབ་ཡུལ་སྐོར་སྡེ་བ་བཅུ་སྐྱེད་སྲིང་བྱས་པ་དང་། ཁ་གཡང་དང་མུའུ་རུང་གནའ་གྲོང་སོགས་ཁྱད་ཆོས་མངོན་གསལ་ལྡན་པ་དང་ལས་རྣམ་ཕུན་སུམ་ཚོགས་ལ། ས་གནས་དེ་དང་དེའི་མཐའ་འཁོར་གྱི་མཚན་སྙན་ཅུང་ཆེ་བའི་གྲོང་གསེབ་ཡུལ་སྐོར་ལྗོངས་རྒྱུ་ཁུལ་སྐོར་ཞིག་གསར་སྐྲུན་བྱས་ནས། མི་ཁྲི་དྲུག་དང་སྟོང་ལྔའི་ལས་ཞུགས་ལ་སྣེ་ཁྲིད་བྱས།
མིག་སྔའི་བར་དུ། རང་ཞིང་དུ་རྒྱལ་ཡོངས་གྲོང་གསེབ་ཡུལ་སྐོར་གཙོ་གནད་སྡེ་བ་སོ་དགུ་ཡོད་པ་དང་། རྒྱལ་ཡོངས་གྲོང་གསེབ་ཡུལ་སྐོར་གཙོ་གནད་གྲོང་རྡལ་དང་ཡུལ་ཚོ་བདུན་ཡོད། གོ་རིམ་རྗེས་མར། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་གྱིས་མ་དངུལ་དང་སྲིད་ཇུས། ཚོང་ར། ཤེས་ལྡན་མི་སྣ་སོགས་ཕྱོགས་ནས་གྲོང་གསེབ་ཡུལ་སྐོར་གཙོ་གནད་སྡེ་བ་དང་གྲོང་རྡལ་ལ་རྒྱབ་སྐྱོར་བྱེད་པར་ཤུགས་སྣོན་པ་དང་། དེའི་དཔེ་སྟོན་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གྱི་སྤུས་འདེགས་རིམ་སྤོར་ལ་སྐུལ་འདེད་གཏོང་བ། གྲོང་གསེབ་དར་སྤེལ་འཐབ་ཇུས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། རང་ཞིང་གིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་འབེན་ས་ཆ་འཛུགས་སྐྲུན་བྱེད་པའི་ཐད་རྨང་གཞི་བརྟན་པོ་འདིང་རྒྱུ་རེད།