ཉེ་ལམ། ཞིང་ཆེན་དམངས་སྲིད་ཐིན་གྱིས་ཏང་ཙུའུ་རིགས་གཞུང་སློབ་སྦྱོང་ལྟེ་གནས་ཚན་ཁག་གི་རྒྱ་སྐྱེད་སློབ་སྦྱོང་ཚོགས་འདུ་བསྡུས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ཆེད་དོན་སློབ་སྦྱོང་བྱས་པར་མ་ཟད་དཀའ་སྤྱད་འབད་འཐབ་སྒོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབྲི་བའི་ཁྲོད་དུ་དམངས་སྲིད་ཀྱིས་སྟོབས་ཤུགས་འདོན་དགོས་པར་དམིགས་ནས་བགློ་གླེང་བརྗེ་རེས་བྱས།
ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་དམངས་སྲིད་ལས་ཁུངས་ཀྱིས་གཙོ་བོ་ཕྱོགས་མང་པོའི་ཐད་ལ་ཤུགས་བཏོན་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་བྱས་ཤིང་། དཀའ་སྤྱད་འབད་འཐབ་སྒོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབྲི་བའི་ཁྲོད་དུ་དམངས་སྲིད་ཀྱིས་བྱས་རྗེས་ཆེན་པོ་བཞག མི་དམངས་དཀྱིལ་སྙིང་དུ་འཛིན་པའི་འཕེལ་རྒྱས་བསམ་ཕྱོགས་རང་རྟོགས་སྒོས་ལག་ལེན་བྱས་ཏེ། སྤྱི་ཚོགས་རྒུད་སྐྱོབ་ལམ་ལུགས་མ་ལག་བཅོས་སྒྱུར་བྱས་ནས་འཐུས་ཚང་དུ་བཏང་བ་དང་། བློ་ཐག་རྦད་ཆོད་སྒོས་གཞི་རྩའི་དམངས་ཚིས་འགན་སྲུང་ཚད་མཐའ་བརྟན་སྲུང་བྱས། དབུལ་ཐར་མཁྲེགས་གཏོར་རོགས་སྐྱོར་འགན་སྲུང་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་བཏང་བ་དང་། སྤྱི་ཚོགས་རྒུད་སྐྱོབ་སྲིད་ཇུས་གནད་ལ་འཁེལ་བར་ལག་བསྟར་བྱས་ནས་དོན་དངོས་སུ་དཀའ་ཁག་ཆེ་བའི་དམིགས་བསལ་མང་ཚོགས་མང་པོར་ཁེ་ཕན་ཐོབ་པར་སྐུལ་འདེད་བཏང་། གཞི་རིམ་མང་ཚོགས་ཀྱི་རང་སྐྱོང་རྐྱེན་སྲོལ་འཐུས་ཚང་དུ་བཏང་ཞིང་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་རྣམ་པ་གསར་སྐྲུན་བྱས་པ་དང་། ཤུགས་ཆེན་པོས་གྲོང་གསེབ་དང་སྡེ་ཁུལ་གྱི་ཞབས་ཞུའི་མ་ལག་དང་ཚད་ལྡན་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་། སྤྱི་ཚོགས་རྩ་འཛུགས་ཀྱི་གྲོས་མོལ་ལ་སྐུལ་འདེད་བཏང་ནས་གསོ་སྦྱོང་ཤུགས་ཚད་ཇེ་ཆེར་བཏང་བ་དང་། ལྟ་སྐུལ་དོ་དམ་ཕན་ནུས་མཐོར་འདེགས་སུ་བཏང་ནས། སྤྱི་ཚོགས་རྩ་འཛུགས་ཚད་ལྡན་དང་བདེ་ཐང་། གོ་རིམ་ལྡན་པར་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ཁྱིམ་སྡོད་སྡེ་ཁུལ་སྒྲིག་གཞི་དང་མཐུན་སྦྱོར་བྱེད་པ་དང་སྨན་གསོ་བདེ་གསོ་ཟུང་འབྲེལ་བྱེད་པའི་རྒན་གསོ་ཞབས་ཞུའི་མ་ལག་མྱུར་དུ་གསར་སྐྲུན་བྱས་ནས། རྒན་གསོ་ཞབས་ཞུའི་སྤུས་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་སུ་བཏང་། མང་ཚོགས་ཀྱི་གམ་དུ་གནས་པའི་སྤྱོད་ཚུལ་མི་ལེགས་པ་དང་རུལ་སུངས་གནད་དོན་ལ་གཟབ་ནན་སྒོས་རྩད་གཅོད་ཐག་གཅོད་བྱས་པ་དང་། རྣམ་དག་སྤྱོད་གཙང་གིས་ཁག་ཁུར་བྱེད་པ་དང་དམངས་དོན་དུ་དངོས་གཉེར་སྤྱོད་གཙང་ཡིན་པའི་དམངས་སྲིད་ལས་བྱེད་པའི་དཔུང་སྡེ་གསར་སྐྲུན་བྱས་ནས། དམངས་སྲིད་ལས་དོན་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་རྨང་གཞི་བརྟན་པོ་འདིང་བར་སྐུལ་འདེད་བཏང་།
གྲོས་ཚོགས་ནས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱེད་པ་ནི་དེང་སྐབས་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་ཆབ་སྲིད་ལས་འགན་དང་པོ་ཡིན་པས། རང་ཞིང་གི་རིམ་པ་སོ་སོའི་དམངས་སྲིད་ལས་ཁུངས་ཀྱིས་དྲ་ལམ་དང་ཡུལ་དངོས་ཟུང་འབྲེལ་བྱེད་པའི་རྣམ་པ་སྤྱད་དེ་བྱེད་ཐབས་སྣ་ཚོགས་སྤྱོད་པ་དང་། ཁྱད་ཆོས་ཐོན་པར་བྱས་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཞིང་ཆེན་ཡོངས་ཀྱི་དམངས་སྲིད་ཁོངས་གཏོགས་སུ་ལག་བསྟར་དང་དངོས་འབེབས་བྱས་ནས་ཕན་འབྲས་ངོ་མ་ཐོབ་པར་སྐུལ་འདེད་གཏོང་དགོས།
བཀྲ་ཤིས་འབུམ་གྱིས་བསྒྱུར།