སྡེ་སྡོད་ལས་བྱེད་པར་སྔར་ལས་སེམས་ཁུར་དང་གཟིགས་སྐྱོང་བྱེད་པ་དང་། སྡེ་སྡོད་ལས་བྱེད་པའི་ལུས་སེམས་བདེ་ཐང་ལ་འགན་སྲུང་བྱེད་ཆེད། ཉེ་ལམ། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་ཞིང་ཆེན་གྲོང་གསེབ་དར་སྤེལ་ཅུའུ་གཉིས་ཀྱིས་སྡེ་སྡོད་ལས་བྱེད་པའི་མི་ལུས་བདེ་ཐང་འགན་སྲུང་དང་བདེ་ཐང་བརྟག་དཔྱད་དང་འབྲེལ་བའི་བྱ་བ་བཟང་བོར་བསྒྲུབ་པའི་སྐོར་གྱི་བརྡ་སྦྱོར་འགྲེམ་སྤེལ་བྱས་ནས། སྡེ་སྡོད་ལས་བྱེད་པ་ལུས་སྟོབས་དང་སེམས་ཤུགས་ཆེན་པོས་གྲོང་གསེབ་དར་སྤེལ་བྱ་བའི་ཁྲོད་ཞུགས་པར་ཁག་ཐེག་བྱས།
བརྡ་སྦྱོར་ནང་། གཅིག་ནས་སྡེ་སྡོད་བྱ་བར་བཀོད་སྒྲིག་ལུགས་མཐུན་བྱེད་པ་དང་། སྡེ་སྡོད་ལས་བྱེད་པ་ངལ་གསོས་ན་ཡང་ཟླ་ཕོགས་སྟེར་བའི་ལམ་ལུགས་ལག་བསྟར་ནན་མོ་བྱེད་པ། བྱ་བའི་ལས་འགན་ཅུང་ལྕི་བའི་ས་ཆ་རུ་བྱ་བའི་རེས་སྐོར་བྱེད་ཐབས་ལག་བསྟར་བྱེད་པ། སྡེ་སྡོད་ལས་བྱེད་པས་དུས་རིམ་རང་བཞིན་གྱི་བྱ་བའི་ལས་འགན་གཙོ་བོ་ཡོངས་འགྲུབ་བྱས་རྗེས། འགོར་འགྱངས་བྱས་པའི་ངལ་གསོ་ཉིན་མོའི་གྲངས་ཀ་ལྟར་ངལ་གསོས་ཆོག་པར་བྱེད་དགོས། གཉིས་ནས་ལས་བྱེད་པའི་ལུས་ཕུང་བདེ་ཐང་ལ་སེམས་ཁུར་བྱེད་པ་དང་། སྡེ་སྡོད་ལས་བྱེད་པའི་ལོ་ཧྲིལ་བོའི་ལུས་ཕུང་བརྟག་དཔྱད་ལམ་ལུགས་ལག་བསྟར་བྱེད་པ། ནད་ལྕི་མོ་བྱུང་ནས་བྱ་བ་སྒྲུབ་མི་ཐུབ་པའི་སྡེ་སྡོད་ལས་བྱེད་པར། འགྲོ་ལུགས་ལྟར་དུས་ཐོག་ཏུ་ལས་གནས་སྤོར་དགོས། གསུམ་ནས་དུས་བཅད་ལྟར་འཚམས་འདྲི་བྱེད་པའི་ལམ་ལུགས་ལག་བསྟར་བཟང་བོ་བྱས་ནས། བྱ་བ་དང་འཚོ་བའི་ཁྲོད་ཀྱི་དཀའ་ཁག་ཐག་གཅོད་རོགས་བྱེད་པ་དང་། སེམས་ཁམས་མི་བཟང་བ་དང་ནད་བྱུང་ནས་སྨན་ཁང་དུ་སྡོད་པ། བློ་ཡུལ་ལས་འདས་པའི་གནོད་པ་ཐེབས་པ། ཁྱིམ་ཚང་ལ་དཀའ་ཁག་ཡོད་པ། བྱ་བའི་ཐད་ནས་དཀའ་ཁག་ཡོད་པའི་ལས་བྱེད་པར་ངེས་པར་དུ་གླེང་མོལ་བརྗེ་རེས་བྱས་ཏེ། དུས་ཐོག་ཏུ་སྡེ་སྡོད་ལས་བྱེད་པའི་སེམས་ཀྱི་འགལ་བ་ཐག་གཅོད་པ་དང་། སེམས་ཀྱི་གནོན་ཤུགས་མེད་པར་བྱེད་དགོས། བཞི་ནས་བདེ་འཇགས་འགོག་སྲུང་འདུ་ཤེས་ཇེ་མཐོར་གཏོང་བ་དང་། སྡེ་སྡོད་ལས་བྱེད་པའི་བདེ་འཇགས་སློབ་གསོ་ལ་ཤུགས་སྣོན་པ། ཀླད་སྙིང་ཁྲག་རྩའི་ནད་རིགས་འགོག་བཅོས་དང་རིམས་ནད་འགོག་སྡོམ་གྱི་བདེ་འཇགས་རྒྱུན་ཤེས་སོགས་ཆེད་དོན་འཆད་ཁྲིད་ཇེ་མང་དུ་བཏང་སྟེ། སྡེ་སྡོད་ལས་བྱེད་པའི་རང་སྲུང་རང་སྐྱོབ་ནུས་པ་མཐོར་འདེགས་སུ་གཏོང་དགོས་། ལྔ་ནས་སྨན་བཅོས་སྲོག་སྐྱོབ་དང་གཟིགས་སྐྱོང་འགན་སྲུང་བྱ་བ་བཟང་བོར་བསྒྲུབ་པ་དང་། སྡེ་སྡོད་ལས་བྱེད་པའི་བྲེལ་མྱུར་སྲོག་སྐྱོབ་སྨན་བཅོས་བྱ་བའི་རྐྱེན་སྲོལ་འཛུགས་པ། སྡེ་སྡོད་ལས་བྱེད་པའི་བརྟག་བཅོས་ཐད་ཀྱི་གེགས་མེད་བགྲོད་ལམ་བཙུགས་ནས། སྡེ་སྡོད་ལས་བྱེད་པར་གློ་བུར་དུ་ནད་བྱུང་བ་དང་ཡང་ན་རྨས་སྐྱོན་ཕོག་རྗེས་དུས་ཚོད་དང་པོའི་ནང་ཕན་ཡོད་སྨན་བཅོས་སྲོག་སྐྱོབ་བྱེད་ཐུབ་པར་ཁག་ཐེག་བྱེད་དགོས། རྫོང་རིམ་པའི་གཙོ་འགན་སྡེ་ཁག་དང་ཡུལ་ཚོ་དང་གྲོང་རྡལ་གྱི་ཏང་ཨུས་གཞུང་དོན་སྒྲུབ་སྐབས་ཚེ་ལས་འདས་པ་དང་ལས་ཀའི་ཁྲོད་ཚེ་ལས་འདས་པ་དང་ཡང་ན་ནད་བྱུང་ནས་ཚེ་ལས་འདས་པའི་སྡེ་སྡོད་ལས་བྱེད་པར། དུས་ཚོད་དང་པོའི་ནང་ཁྱིམ་ཚང་དུ་སོང་ནས་སེམས་གསོ་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་པར་མ་ཟད། མངག་གཏོང་ལས་ཁུངས་དང་མཉམ་དུ་སེམས་གསོ་རྗེས་འཇུག་བྱ་བ་བཟང་བོར་བསྒྲུབ་དགོས་པའི་རེ་བ་བཏོན།