ཟླ་བཅུ་གཉིས་པའི་ཚེས་བཅུ་གཉིས་ཉིན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་སུང་ཅུན་ཞ་དང་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་གྱི་ཐིན་ཀྲང་གཞོན་པ་ཝུའུ་ཞོ་ཏུང་། གུང་གཞོན་ཚོགས་པ་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་ལིན་ལིན། རྒྱལ་ཁབ་ཞིབ་དཔྱོད་དཔོན་པོའི་སློབ་གླིང་མཚོ་སྔོན་ཡན་ལག་སློབ་གླིང་གི་ཡོན་ཀྲང་མ་ཐེན་ཧྲན། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་གཞོན་པ་ཧོ་ཞ་བཅས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དང་ཞིང་ཆེན་མི་དམངས་འགོག་སྲུང་གཞུང་སྒྲུབ་ཁང་། ཞིང་ཆེན་ཆུ་བེད་ཐིན། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་། མཚོ་སྔོན་སྒོ་འབྱེད་སློབ་ཆེན་བཅས་ལ་སོང་ནས་གཅིག་བསྡུས་སྒྲོག་འགྲེལ་བྱས།
ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མིས་ཚོགས་ཆེན་གྱི་བརྗོད་སྙིང་དང་གྲུབ་འབྲས་གཙོ་བོར་གོ་བ་ཟབ་མོ་ལེན་པ་དང་། འདས་པའི་ལོ་ལྔའི་བྱ་བ་དང་དུས་རབས་གསར་བའི་ལོ་བཅུའི་རླབས་ཆེན་འཕོ་འགྱུར། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་ཡུལ་ཁམས་གསར་བ་གསར་འབྱེད་བྱེད་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། ཉེན་ཁ་དང་འགྲན་རྩོད་སྣ་ཚོགས་ལ་ཁ་གཏད་འཇལ་བ་སོགས་ཕྱོགས་ནས། དོན་ཚན་རེ་རེར་དབྱེ་ཞིབ་བྱེད་པ་དང་གཏིང་ཟབ་སྒོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་གོ་རིམ་ལྡན་པར་སྒྲོག་འགྲེལ་བྱས། སྒྲོག་འགྲེལ་བྱེད་སྐབས་ཡུལ་དངོས་དང་དྲ་ངོས་ཀྱི་རྣམ་པ་སྤྱད་དེ་སྒྲོག་འགྲེལ་བྱེད་པ་དང་གྲོས་སྡུར་བྱས་ཤིང་། སྒྲོག་འགྲེལ་ཡུལ་དངོས་སུ་མི་རྣམས་ཀྱིས་ནན་ཏན་སྒོས་ཉན་ཞོར་དུ་ཟིན་བྲིས་འགོད་བཞིན་ཡོད།
ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན་གྱི་སྤྱིའི་འཆར་འགོད་དགེ་རྒན། རྒྱལ་ཁོངས་བར་སྟོང་བཀོལ་སྤྱོད་དོ་དམ་ཁྲུའུ་ཡི་མགོ་གཙོ་ཆིན་ཧེ་ཡན་གྱིས་བཤད་རྒྱུར། ང་ཚོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ཏེ། རི་ཆུ་ནགས་གསུམ་དང་ཞིང་ས་དང་རྩྭ་ས་སོགས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་རྒྱུན་འཁྱོངས་བྱེད་པ་དང་། རྒྱལ་ཁོངས་བར་སྟོང་བཀོད་སྒྲིག་ལེགས་སྒྱུར་བྱེད་པ། ཞིང་ས་སྲུང་སྐྱོབ་དང་ཡུན་རིང་གི་གཞི་རྩའི་ཞིང་སའི་དམར་མཚམས་དང་ནུས་ཁུངས་ཐོན་ཁུངས་བདེ་འཇགས་ཀྱི་དམར་མཚམས་བརྟན་སྲུང་བྱེད་པ། རང་བྱུང་ཐོན་ཁུངས་གཅིག་བསྡུས་སྒོས་གྲོན་ཆུང་དང་བཀོལ་སྤྱོད་བྱེད་པའི་ཆུ་ཚད་མཐོར་འདེགས་སུ་གཏོང་བ། རང་བྱུང་ཐོན་ཁུངས་ཁྱབ་ཁོངས་བཅོས་སྒྱུར་དང་ཁྲིམས་སྐྱོང་འཛུགས་སྐྲུན་ལ་ཤུགས་བསྣན་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་རང་བྱུང་ཐོན་ཁུངས་ཀྱི་ནུས་པ་འདོན་པ་ཡིན།
མཚོ་སྔོན་སྒོ་འབྱེད་སློབ་ཆེན་སློད་དཔྱོད་ཁྲུའུ་ཡི་ཏང་ཀྲི་པུའུ་ཧྲུའུ་ཅི། མགོ་གཙོ་སུའུ་ཧྲའོ་ཡན་གྱིས་བཤད་རྒྱུར། སློབ་དཔྱོད་སློབ་གསོའི་དོ་དམ་མཁན་ཞིག་ཡིན་པའི་ཆ་ནས། བསམ་བློ་དང་བྱ་སྤྱོད་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་གཅིག་གྱུར་བྱེད་པ་དང་། སློབ་གྲྭའི་སློབ་སྒྲུབ་དོན་དངོས་དང་ཁྱད་ཆོས་དང་ཁྱད་སྟོབས་ཟུང་འབྲེལ་བྱེད་དགོས་ལ། ཧུར་ཐག་སྒོས་གསར་སྐྲུན་འཇོན་མི་སྐྱེད་སྲིང་བྱེད་པ་དང་སློབ་མའི་ཕྱོགས་བསྡུས་བྱང་ཚད་མཐོར་འདེགས་སུ་གཏོང་བའི་བསམ་ཕྱོགས་གསར་བ་དང་བྱེད་ཐབས་གསར་བར་འཚོལ་ཞིབ་བྱེད་པ་དང་། མཚོ་སྔོན་སྒོ་འབྱེད་སློབ་ཆེན་གྱི་རྟེན་གཞི་གསུམ་དང་ལྟེ་གནས་གཉིས། སྟེགས་བུ་བཞིའི་འཛུགས་སྐྲུན་ལ་མྱུར་དུ་སྐུལ་འདེད་བཏང་ནས་མི་དམངས་ཡིན་ཚིམས་པའི་སློབ་གསོ་གང་ལེགས་སྒོས་སྒྲུབ་པ་ཡིན།
མཚོ་ནུབ་ཁུལ་ཨུའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་ལིས་ཀྲའོ་ལིན་གྱིས་བཤད་རྒྱུར། ང་ཚོས་བསམ་ཕྱོགས་གསར་བ་དང་ཆོད་གཏམ་གསར་བ། བཀོད་སྒྲིག་གསར་བ། རེ་བ་གསར་བར་ཕྱོགས་ཡོངས་ནས་གོ་བ་ལེན་པ་དང་། དགོངས་དོན་གྱི་ནང་དོན་ལ་སྒྲོག་འགྲེལ་ཟབ་མོ་བྱས་ནས། རང་ཉིད་ཀྱི་སྲིད་ཇུས་རིགས་གཞུང་ཆུ་ཚད་དང་སྒྲོག་འགྲེལ་ཆུ་ཚད་སྔར་ལས་མཐོར་འདེགས་སུ་གཏོང་བ་དང་། སྟབས་བསྟུན་སྣ་མང་དང་ལྟ་འདོད་ཉན་སྤྲོའི་རྣམ་པ་སྤྱད་དེ་སྒྲོག་འགྲེལ་ཟབ་མོ་བྱས་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་གཞི་རིམ་མང་ཚོགས་ཀྱིས་གསལ་བོར་ཤེས་སུ་འཇུག་པ་ཡིན་ཟེར།
བཀྲ་ཤིས་འབུམ་གྱིས་བསྒྱུར།