མཚོ་སྔོན་ཞིང་ཆེན་གྱི་འདུམ་སྒྲིག་དང་བར་སྡུམ། ལྟ་ཞིབ་བཅས་མཉམ་འབྲེལ་གྱི་འདུམ་སྒྲིག་ལས་སྒྲུབ་ཁང་ཐོག་མ་བཙུགས།
2022.12.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 17

ངལ་རྩོལ་རྩོད་གླེང་གི་སྣ་མང་ཐག་གཅོད་རྐྱེན་སྲོལ་འཛུགས་སྐྲུན་བྱེད་པ་དང་། མི་དམངས་འདུམ་སྒྲིག་གིས་འགལ་རྩོད་ཐག་གཅོད་པའི་ཁྲོད་ཀྱི་འགན་ནུས་འདོན་སྤེལ་བྱེད་པ། འཆམ་མཐུན་ངལ་རྩོལ་འབྲེལ་བ་འཛུགས་པ། ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བྱེད་པ། སྤྱི་ཚོགས་འཆམ་མཐུན་གཏན་འཇགས་ལ་སྲུང་སྐྱོང་བྱེད་ཆེད། ཟླ་བཅུ་གཉིས་པའི་ཚེས་དགུ་ཉིན། ཞིང་ཆེན་ཡོངས་ཀྱི་འདུམ་སྒྲིག་དང་བར་སྡུམ། ལྟ་ཞིབ་བཅས་མཉམ་འབྲེལ་གྱི་མ་དཔེའི་འདུམ་སྒྲིག་ལས་སྒྲུབ་ཁང་ཐོག་མ་སྟེ། ཟི་ལིང་གྲོང་ཁྱེར་ཕྱོགས་བསྡུས་བྱ་བའི་མི་དམངས་འདུམ་སྒྲིག་ཨུ་ཡོན་ལྷན་ཁང་གི་ཟི་ལིང་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་རུ་སྡོད་པའི་འདུམ་སྒྲིག་ལས་སྒྲུབ་ཁང་གི་སྒོ་བྱང་བཀལ་ནས་དངོས་སུ་བཙུགས།

འདུམ་སྒྲིག་ལས་སྒྲུབ་ཁང་བཙུགས་པ་ནི། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞུ་གཏུག་མིན་པའི་འགལ་རྩོད་ཐག་གཅོད་རྐྱེན་སྲོལ་གཙོར་འཛིན་པའི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་ལག་བསྟར་ནན་མོ་བྱེད་པའི་བྱེད་ཐབས་གལ་ཆེན་དང་། ངལ་རྩོལ་ཁེ་དབང་ལ་འགན་སྲུང་གི་གནས་བབ་གསར་བར་བསྟུན་པ་དང་། འདུམ་སྒྲིག་དང་བར་སྡུམ། ལྟ་ཞིབ་བཅས་མཉམ་འབྲེལ་གྱི་མ་དཔེ་གསར་བ་འཛུགས་པ། ཕན་ནུས་མཐོ་བའི་སྒོ་ནས་ངལ་རྩོལ་རྩོད་གླེང་འགལ་རྩོད་ཐག་གཅོད་པ་བཅས་ཀྱི་གསར་གཏོད་ལག་ལེན་ཡིན་པ་དང་། འཆམ་མཐུན་གྱི་ངལ་རྩོལ་འབྲེལ་བ་འཛུགས་པ་དང་། ཁྲིམས་འཛིན་སྲིད་འཛིན་དང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གི་ཐོན་ཁུངས་མཉམ་བསྲེས་མངོན་འགྱུར་བྱེད་པ། ཆ་འཕྲིན་མཉམ་སྤྱོད་དང་དགེ་མཚན་ཁ་གསབ་བྱེད་པ། ངལ་རྩོལ་རྩོད་གླེང་ཐག་གཅོད་ཀྱི་འགག་སྒོ་སྔོན་སྣུར་བྱེད་པ། ཚོགས་ཁག་རང་བཞིན་གྱི་འགལ་རྩོད་ཀྱི་ཉེན་བརྡ་མཉམ་འབྲེལ་ལ་ཤུགས་སྣོན་པ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན། རྒྱུས་ལོན་བྱུང་བ་ལྟར་ན། ཟི་ལིང་གྲོང་ཁྱེར་ཕྱོགས་བསྡུས་བྱ་བའི་མི་དམངས་འདུམ་སྒྲིག་ཨུ་ཡོན་ལྷན་ཁང་གི་ཟི་ལིང་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་རུ་སྡོད་པའི་འདུམ་སྒྲིག་ལས་སྒྲུབ་ཁང་ནི་བཅའ་ཁྲིམས་བློ་འདྲི་དང་འགལ་རྩོད་ཐག་གཅོད། སེམས་ཁམས་དབྱེ་ཞིབ། ཞུ་གཏུག་དང་འདུམ་སྒྲིག་སྦྲེལ་མཐུད་གཞི་གཅིག་ཅན་གྱི་འདུམ་སྒྲིག་ཁང་ཞིག་ཡིན་པ་དང་། མི་དམངས་འདུམ་སྒྲིག་དང་ངལ་རྩོལ་བར་སྡུམ། ངལ་རྩོལ་ལྟ་ཞིབ་བཅས་མཉམ་བསྲེས་དང་སྲུབས་མེད་སྦྲེལ་མཐུད་བྱེད་པ་བརྒྱུད་དེ། མང་ཚོགས་ལ་ས་ཚིགས་གཅིག་རང་བཞིན་གྱི་འགལ་རྩོད་ཐག་གཅོད་ཞབས་ཞུ་འདོན་སྤྲོད་བྱེད་པ་དང་། ཞུ་གཏུག་དང་ཁེ་དབང་སྲུང་སྐྱོབ་ཐད་བརྗེ་རེས་ཀྱི་སྟེགས་བུ་འཛུགས་པ་དང་། བྱེད་ཐབས་སྣ་མང་དང་རིམ་པ་མང་བའི་འགལ་རྩོད་ཐག་གཅོད་ལམ་བུ་འདོན་སྤྲོད་བྱས་ཏེ། ངལ་རྩོལ་རྩོད་གླེང་དང་འགལ་རྩོད་གྱོད་གཞི་ཐག་གཅོད་པ་དང་། མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཆེས་མཐའ་མཇུག་གི་གནས་ཚུལ་ཐག་གཅོད་རྒྱུ་རེད།

གོ་རིམ་རྗེས་མར། གྲོང་ཁྱེར་ཁྲིམས་འཛིན་ཅུའུ་ཡིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ་དང་། མི་དམངས་འདུམ་སྒྲིག་བྱ་བའི་མཛུབ་ཁྲིད་འགན་ནུས་དོན་འཁྱོལ་བྱེད་པ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་ངལ་རྩོལ་རྩོད་གླེང་འགལ་རྩོད་ཀྱི་སྣ་མང་ཐག་གཅོད་བྱ་བ་བཟང་བོར་བསྒྲུབ་པར་གཞོགས་འདེགས་བྱེད་པ། གནས་བབ་གསར་བའི་འོག་ངལ་རྩོལ་རྩོད་གླེང་ཐག་གཅོད་པའི་ཕན་ཡོད་བྱེད་ཐབས་འཚོལ་ཞིབ་བྱས་ནས། ཁྲིམས་ལྟར་ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་པ་དང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཐད་བྱས་རྗེས་གསར་བ་འཇོག་རྒྱུ་རེད། 

རིན་ཆེན་མཚོས་བསྒྱུར།