ཟླ་བཅུ་གཉིས་པའི་ཚེས་བཅུ་གསུམ་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཞུགས་གཏན་འཇགས་དང་ལས་ཞུགས་འགན་སྲུང་གི་ཇུས་ཆོད་བཀོད་སྒྲིག་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱེད་ཆེད། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་སྲིད་ཇུས་ལག་བསྟར་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ་དང་མི་བཀོལ་འགན་སྲུང་ཐད་ཡང་བསྐྱར་ཤུགས་འདོན་པ། ལས་ཞུགས་ཞབས་ཞུ་ཇེ་བཟང་དུ་གཏོང་བ་སོགས་ཀྱི་བྱེད་ཐབས་སྣ་དྲུག་སྤྱད་དེ། དུས་ཚོད་དམ་འཛིན་བྱས་པ་དང་བྱ་བ་སྤེལ་ཚད་ཇེ་མགྱོགས་སུ་བཏང་ལ། ཞབས་ཞུ་ལ་ཤུགས་བསྣན་པ་དང་ཞན་ཆ་ཁ་གསབ་བྱས་ཤིང་། ལས་ཞུགས་བྱ་བའི་ཐད་ནས་ཡང་བསྐྱར་མཁྲེགས་གཏོར་བྱས་ནས། ཞིང་ཆེན་ཡོངས་ཀྱི་ལས་ཞུགས་གནས་བབ་རྒྱུན་མཐུད་ངང་གཏན་འཇགས་སུ་བཏང་།
ལས་ཞུགས་སྲིད་ཇུས་ཁེ་ལས་དང་ར་བའི་ཁུལ། སློབ་ར། སྡོད་ཁུལ་དང་སྡེ་བ་རུ་བསྐྱོད་པའི་བསྐྱོད་པ་བཞིའི་བྱ་འགུལ་སྤེལ་བ་དང་། མཉམ་འབྲེལ་དྲ་རྒྱ་དང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་མཉམ་འབྲེལ་བྱས་པའི་ཞབས་ཞུ་དགེ་མཚན་ལ་རྒྱབ་རྟེན་ལ། གཞི་གྲངས་མཉམ་ལས་ཀྱི་ཁྱབ་ཁོངས་རྒྱ་བསྐྱེད་པ་དང་། ཐད་ཀར་ཁ་གསབ་དང་མྱུར་དུ་སྒྲུབ་པ་དང་སྙན་ཞུ་མ་བཀོད་ཀྱང་ལོངས་སྤྱོད་བྱེད་ཆོག་པ་སོགས་ཀྱི་སྲིད་ཇུས་ལག་བསྟར་བྱེད་ཤུགས་དང་མགྱོགས་ཚད་མཐོར་འདེགས་སུབཏང་སྟེ། སྤྱི་ཚོགས་འགན་སྲུང་ཁ་གསབ་དང་ལས་རྐང་བརྟན་འཇགས་དང་ལས་རྐང་རྒྱ་སྐྱེད་སོགས་ཀྱི་སྲིད་ཇུས་ལོངས་སྤྱོད་བྱེད་ཐུབ་པ་དང་མྱུར་དུ་ལོངས་སྤྱོད་བྱེད་པར་ཁག་ཐེག་བྱས། གཙོ་གནད་ཁེ་ལས་ཀྱི་མི་བཀོལ་ཞབས་ཞུ་འགན་སྲུང་མཐུན་སྦྱོར་མགོ་ཁྲིད་ཚན་ཆུང་གི་རྐྱེན་སྲོལ་ནུས་པ་འདོན་སྤེལ་བྱས་པ་དང་། གཙོ་གནད་ཁེ་ལས་ཀྱི་ཆ་འཕྲིན་ཁྱབ་བསྒྲགས་དང་མི་བསྡུ་རྩ་འཛུགས། ཁེ་ལས་དང་འབྲེལ་བའི་བྱ་བ་སྒྲུབ་པའི་ཞབས་ཞུ་ལེགས་སྒྱུར་བྱས་ལ། ཚོང་ཟོག་མངག་ཐོའི་ཁ་ཕྱོགས་གཏན་ཁེལ་དང་ལས་རྐང་གཏན་ཁེལ་སོགས་ཀྱི་གསོ་སྦྱོང་སྤེལ་བ་དང་། ཁེ་ལས་དང་ངལ་རྩོལ་པའི་ཕན་མཐོ་སྦྲེལ་མཐུད་སྟེགས་བུ་བཙུགས་ཏེ། གཙོ་གནད་ཁེ་ལས་འཕེལ་རྒྱས་སུ་གཏོང་བའི་ཐད་མི་ཤུགས་ཐོན་ཁུངས་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱས། རིམས་ནད་འགོག་སྡོམ་དང་ཁེ་ལས་མི་བཀོལ་གྱི་དགོས་མཁོ་ལ་གཅིག་འདོམས་བྱས་པ་དང་། དུས་ཐོག་ཏུ་ལས་རྐང་ཆ་འཕྲིན་ཁྱབ་བསྒྲགས་བྱས་ལ། ངལ་རྩོལ་ནུས་ཤུགས་ཚོང་རའི་མཁོ་འདོན་སྦྲེལ་མཐུད་ཀྱི་ཚད་དང་ལས་རྐང་ཆ་འཕྲིན་ཁྱབ་བསྒྲགས་གཞི་ཁྱོན་རྒྱུན་འཁྱོངས་བྱས་པ་དང་། ལས་རྐང་ཆ་འཕྲིན་རིག་ནུས་ཆ་སྡེབས་དང་གནད་ཕིགས་ངོ་སྤྲོད་བཟང་བོར་བསྒྲུབ་ནས། ལས་རྐང་མཁོ་འདོན་དང་དགོས་མཁོ་སྔར་ལས་སྦྲེལ་མཐུད་བཟང་བོ་བྱེད་པར་སྐུལ་འདེད་བཏང་།
དེ་དང་མཉམ་དུ། སློབ་མཐར་ཕྱིན་ན་ཡང་ལས་ཞུགས་བྱས་མེད་པའི་སློབ་མ་དང་ཐོ་འགོད་བྱས་པའི་ལས་ཤོར་མི་སྣ། ལས་ཞུགས་བྱེད་དཀའ་བའི་མི་སྣ་སོགས་གཙོ་གནད་མི་ཚོགས་ཀྱི་ལས་ཞུགས་འདོད་བློ་དང་གསོ་སྦྱོང་དགོས་མཁོའི་ཆ་འཕྲིན་ལ་གཅིག་བསྡུས་སྒོས་བརྟག་བཤེར་གསལ་བོ་བྱས་པ་དང་། མི་གཅིག་ལ་སྲིད་ཇུས་གཅིག་གི་རོགས་སྐྱོར་འཆར་གཞི་ལག་བསྟར་བྱས་ལ། སྤྱི་ཕན་རང་བཞིན་གྱི་ལས་རྐང་བཀོད་སྒྲིག་ནུས་པ་འདོན་སྤེལ་བྱས་པ་དང་། དུས་ཐོག་ཏུ་ལས་ཤོར་ཉེན་ཚབ་དངུལ་སྟེར་བ་དང་ལས་ཤོར་ཁ་གསབ་དངུལ་དང་གནས་སྐབས་རོགས་སྐྱོར་སོགས་སྲིད་ཇུས་བྱིན་ནས། སྟོབས་ཤུགས་ཡོད་རྒུས་ལས་ཤོར་མི་སྣའི་གཞི་རྩའི་འཚོ་བར་འགན་སྲུང་བྱས། རིམས་ནད་ཀྱི་གནོད་པ་ཐེབས་པའི་དབང་གིས་ལས་རྐང་སྟེང་ཞུགས་མ་ཐུབ་པའི་རོང་འབྲོག་ཁུལ་གྱི་ངལ་རྩོལ་པའི་ལས་ཞུགས་དགོས་མཁོ་ཆ་འཕྲིན་ལ་རྒྱུས་ལོན་གསལ་བོ་བྱས་པ་དང་། གཙོ་བོར་རོང་འབྲོག་ཁུལ་གྱི་ངལ་རྩོལ་པའི་ལས་ཞུགས་དང་འཚམ་པའི་ལས་རྐང་ཆ་འཕྲིན་བསྡུ་རུབ་བྱས་ཤིང་། ཡུལ་ཚོ་དང་གྲོང་རྡལ། སྡེ་བ་རུ་སོང་ནས་ལས་རྐང་གཞི་རིམ་དུ་སྐྱེལ་བ་དང་འཁོར་རྒྱུག་མི་བསྡུ་སོགས་བྱ་འགུལ་སྤེལ་བ་དང་། ཕྱིར་བགྲོད་དུས་ཚོད་གཅིག་པ་དང་ངལ་རྩོལ་ས་གནས་ཐག་ཉེ་བའི་ཞིང་བ་ཞོར་ལས་པ་གཅིག་བསྡུས་སྒོས་ཞོར་ལས་ལ་བསྐྱོད་པར་རྩ་འཛུགས་བྱས་ནས། རོང་འབྲོག་ཁུལ་གྱི་ངལ་རྩོལ་པའི་ཕྱིར་བསྐྱོད་ལས་ཞུགས་གོ་རིམ་ལྡན་པའི་ངང་སླར་གསོ་བྱེད་པར་སྐུལ་འདེད་བཏང་། ཞིང་བ་ཞོར་ལས་པའི་ཟླ་ཕོགས་ཆད་བཞག་གི་གནད་དོན་བཅོས་སྐྱོང་བྱེད་པའི་ཆེད་དོན་འགུལ་སྐྱོད་སྤེལ་ནས། གནད་དོན་རྙེད་ཚེ་དུས་ཐོག་ཏུ་ཐག་གཅོད་པ་དང་འགུལ་རྣམ་གཙང་སེལ་བྱེད་པ་ཁག་ཐེག་བྱས་པ་དང་། ངལ་རྩོལ་འགན་སྲུང་ཁེ་དབང་ལ་སྲུང་སྐྱོང་བྱས།
རིན་ཆེན་མཚོས་བསྒྱུར།