
ཉེ་ལམ། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་ཤིང་། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་དང་ཞིང་ཆེན་གྲོང་གསེབ་དར་སྤེལ་ཅུའུ། མཚོ་སྔོན་ལས་བྱེད་པའི་དྲ་རྒྱའི་སློབ་གླིང་བཅས་ཀྱིས་མཉམ་དུ་སྒྲུབ་འགན་འཁུར་བའི་གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་དྲ་ལམ་ནས་ཚོགས་མགོ་བརྩམས་པ་དང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་འབྲེལ་ཡོད་ལས་ཁུངས་ཀྱི་དོ་དམ་འགན་འཁུར་བློ་མཐུན་དང་གྲོང་ཁྱེར་དང་ཁུལ། རྫོང་། ས་ཁུལ་སོ་སོའི་ཏང་ཨུ་དང་སྲིད་གཞུང་། དེ་མིན་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་བཅས་བསྡོམས་པས་མི་བཞི་བཅུ་ལ་གསོ་སྦྱོང་བྱས།
སྐབས་འདིའི་བགྲོ་གླེང་འཛིན་གྲྭས་དྲ་ངོས་ནས་གསོ་སྦྱོང་བྱེད་པའི་རྣམ་པ་སྤྱད་དེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གྲོང་གསེབ་དར་སྤེལ་འཐབ་ཇུས་ལག་བསྟར་བྱེད་པའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། གཙོ་བོ་གྲོང་གསེབ་དར་སྤེལ་གྱི་ཡར་སྐུལ་བཅའ་ཁྲིམས་དང་ཉིས་སྟོང་བཅོ་བརྒྱད་ལོ་ནས་ཉིས་སྟོང་ཉེར་གཉིས་ལོའི་གྲོང་གསེབ་དར་སྤེལ་འཐབ་ཇུས་འཆར་འགོད་སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་དམིགས་ཏེ། དབུལ་སྐྱོར་ལས་གཞིའི་རྒྱུ་ནོར་དོ་དམ་དང་ལྟ་སྐུལ་དང་གྲོང་གསེབ་འཛུགས་སྐྲུན་འགུལ་སྐྱོད་ཀྱི་སྲིད་ཇུས་དང་བྱེད་ཐབས། དབུལ་ཐར་ས་ཁུལ་དང་གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་གསོ་སྦྱོང་དང་འཕེལ་རྒྱས་སུ་གཏོང་བ། ཞིང་ལས་ལས་གཞིའི་མ་དངུལ་དོ་དམ། གྲོང་གསེབ་འཛུགས་སྐྲུན། གྲོང་གསེབ་བཅོས་སྐྱོང་། གྲོང་གསེབ་རིག་གནས་འཛུགས་སྐྲུན། ཞིང་སྡེའི་མི་སྡོད་ཁོར་ཡུག་དག་ཐེར་བཅོས་སྐྱོང་སོགས་ཀྱི་ནང་དོན་ལ་སློབ་སྦྱོང་བགྲོ་གླེང་བྱེད་རྒྱུ་རེད།
ཐེངས་འདིའི་དྲ་ལམ་བགྲོ་གླེང་འཛིན་གྲྭའི་གསོ་སྦྱོང་དུས་ཡུན་ཉིན་ལྔ་ཡིན་པ་དང་། དེའི་དམིགས་ཡུལ་ནི་གྲོང་གསེབ་དར་སྤེལ་འཐབ་ཇུས་ཀྱི་ནང་དོན་གལ་ཆེན་ཕྱོགས་ཡོངས་ནས་རྒྱུས་ལོན་དང་ཁོང་དུ་ཆུད་པར་བྱེད་པ་དང་། བློ་བརྟན་འགྱུར་མེད་སྒོས་གྲོང་གསེབ་དར་སྤེལ་འཐབ་ཇུས་ལག་བསྟར་བྱེད་པ། གྲོང་གསེབ་དར་སྤེལ་གྱི་བསམ་ཕྱོགས་གསར་བ་རྒྱ་བསྐྱེད་པ་དང་འཕེལ་རྒྱས་སུ་གཏོང་བ། གྲོང་གསེབ་ཐོན་ལས་ཀྱི་བྱེད་ཐབས་གསར་བ་ཁོང་དུ་ཆུད་པར་བྱེད་པ་དང་འཕེལ་རྒྱས་སུ་གཏོང་བ། དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། གྲོང་གསེབ་དར་སྤེལ་ལག་བསྟར་བྱེད་པའི་ནུས་པ་ཇེ་ཆེར་བཏང་ནས། རང་ཞིང་གི་གྲོང་གསེབ་དར་སྤེལ་འཕེལ་རྒྱས་ཐད་ལ་བྱས་རྗེས་གསར་བ་འཇོག་རྒྱུ་དེ་རེད།
བཀྲ་ཤིས་འབུམ་གྱིས་བསྒྱུར།