མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ས་ཅུའུ་ཡིས་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་པའི་ཐད་ནས་གྲུབ་འབྲས་མངོན་གསལ་བླངས།
2022.12.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 16

ཉེ་སྔོན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ནགས་རྩྭ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། མཚོ་སྔོན་ཞིང་ཆེན་ནགས་རྩྭ་སྡེ་ཁག་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་བྱས་ལ། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་རྒྱུ་དེ་སྣེ་ཁྲིད་དུ་བྱས་ནས། ཚན་རིག་དང་མཐུན་པ་དང་ཁྲིམས་ལྟར་དང་། ཆ་ཚང་བ་དང་གནད་ལ་འཁེལ་བའི་སྒོ་ནས་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་པའི་ཐད་ནས་གྲུབ་འབྲས་མངོན་གསལ་བླངས།

ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ནགས་རྩྭ་མ་ལག་གིས་བརླན་སའི་སྲུང་སྐྱོབ་དང་རྒྱལ་ཁོངས་ལྗང་སྒྱུར་སྲོལ་ཡིག ནགས་ཚལ་བཅའ་ཁྲིམས་དང་རྩྭ་སའི་བཅའ་ཁྲིམས་སོགས་བྱེད་ཐབས་དང་། རི་སྐྱེས་སྲོག་ཆགས་ཀྱི་གནོད་འཚེ་ཁ་གསབ་བྱེད་ཐབས་བཅས་ལག་བསྟར་བྱས་པ་དང་། གཙོར་བཟུང་ནས་སྲུང་སྐྱོབ་བྱེད་པའི་རི་སྐྱེས་སྲོག་ཆགས་ཀྱི་མིང་ཐོ་གཏན་འབེབས་བྱས་ལ། ནགས་རྩྭའི་ཐད་ཀྱི་ལོ་ལྔའི་འཆར་འགོད་བཅུ་བཞི་པ་དང་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པའི་ཇུས་གཞི་སྒྲིག་བཟོ་དང་ལག་བསྟར་བྱས་ཏེ། སྐྱེ་ཁམས་མ་ལག་སྲུང་སྐྱོབ་སླར་གསོ་དང་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ། སྐྱེ་དངོས་བདེ་འཇགས་བཅས་བཅའ་ཁྲིམས་ལྟར་སྤེལ།

རྒྱལ་ཡོངས་སུ་ཐོག་མར་རྒྱལ་ཁབ་སྤྱི་གླིང་གཙོ་གཞི་རུ་བྱས་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་བཙུགས་པ་དང་། རང་བྱུང་སྲུང་སྐྱོབ་ཁུལ་སྤྱི་ལེ་གྲུ་བཞི་མ་ཁྲི་གསུམ་སྟོང་བཞི་དང་བརྒྱ་གསར་སྣོན་བྱས་ལ། ཞིང་ཆེན་ཡོངས་ཀྱི་རི་སྐྱེས་སྲོག་ཆགས་འཚོ་སྡོད་བྱེད་ས་བརྒྱ་ཆའི་གྱ་ལྔ་དང་བརླན་ས་བརྒྱ་ཆའི་རེ་བཞི། རང་བྱུང་རྩྭ་ས་བརྒྱ་ཆའི་ཞེ་གཉིས་ལྷག ནགས་ཚལ་བརྒྱ་ཆའི་སུམ་ཅུ་ལྷག་བཅས་རང་བྱུང་སྲུང་སྐྱོབ་ཁུལ་གྱི་སྲུང་སྐྱོབ་དོ་དམ་ཁྲོད་བཞག་པ་དང་། གཙོད་ཁྲི་བཞི་ལྷག་ཇེ་མང་དུ་སོང་ལ། གསའ་སྟོང་གཅིག་དང་ཉིས་བརྒྱ་རུ་ཇེ་མང་དུ་སོང་བ་དང་། མཚོ་སྔོན་པོའི་བྱ་རིགས་སྣ་ཁ་བརྒྱ་དང་གྱ་དགུ་ནས་ཉིས་བརྒྱ་དང་ཉེར་གསུམ་ལ་ཇེ་མང་དུ་སོང་།

རི་སྐྱེས་སྲོག་ཆགས་ཀྱི་གནས་སྤོར་ས་ཆར་སྲུང་སྐྱོབ་དང་རྒྱུད་ཆད་ལ་ཉེ་བའི་དངོས་རིགས་སྲུང་སྐྱོབ་བཟོ་སྐྲུན་ལག་བསྟར་བྱས་པ་དང་། རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་རྒྱུད་སྤེལ་ལྟེ་གནས་དང་ཟི་ལིང་སྐྱེ་དངོས་ར་བ། རྒྱལ་དབང་ནགས་ར་བཅས་རྒྱབ་རྟེན་དུ་བྱས་པའི་རི་སྐྱེས་སྲོག་ཆགས་གནས་སྤོར་ས་ཆའི་སྲུང་སྐྱོབ་མ་ལག་བཙུགས་ལ། རང་ས་རུ་སྲུང་སྐྱོབ་བྱེད་པ་དང་གནས་སྤོར་ས་ཆར་སྲུང་སྐྱོབ་བྱེད་པ་གཉིས་ཕན་ཡོད་ཁ་གསབ་བྱས་ཤིང་། ནགས་རྩྭའི་སོན་སྤུས་ཞིབ་འཇུག་ཁྱབ་གདལ་བྱེད་ཚད་ཆེ་རུ་བཏང་བ་དང་།  གསའ་སོགས་རི་སྐྱེས་སྲོག་ཆགས་ཞིབ་འཇུག་ཐད་ནས་རྒྱལ་ཡོངས་ཀྱི་མདུན་གྲས་སུ་སླེབས་ནས། མཚོ་སྔོན་རི་སྐྱེས་སྲོག་ཆགས་དང་ལྷག་པར་དུ་དུས་བསྟུན་གནས་སྤོར་བྱ་རིགས་ཀྱི་གནས་སྤོར་ས་ཆ་གལ་ཆེན་དུ་འགྱུར་བར་བྱས།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་མདོ་ལ་རིང་མོ། མཚོ་སྔོནན་པོའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་སོགས་སྐྱེ་ཁམས་བཟོ་སྐྲུན་གལ་ཆེན་ལག་བསྟར་བྱས་པ་དང་། གཞི་ཁྱོན་ཆེ་བའི་རྒྱལ་ཁོངས་ལྗང་སྒྱུར་ལ་སྐུལ་འདེད་བཏང་སྟེ། ལྗང་སྒྱུར་གྱི་རྒྱ་ཁྱོན་སྤྱི་ཆིང་ས་ཡ་གཅིག་དང་འབུམ་དགུ་ཁྲི་བརྒྱད་དང་སྟོང་གཉིས་ཇེ་མང་དུ་སོང་བ་དང་། ས་རྒོད་དུ་གྱུར་བ་དང་བྱེ་འགྱུར་ས་ཞིང་ཇེ་ཉུང་དུ་སོང་ལ། བརླན་སའི་རྒྱ་ཁྱོན་རྒྱལ་ཡོངས་ཀྱི་རྩེ་གྲས་སུ་སླེབས་པ་དང་། ནགས་ཚལ་ཁེབས་ཚད་དང་རྩྭ་ཐང་ཕྱོགས་བསྡུས་སྔོ་ཁེབས་ཀྱི་ཚད་སོ་སོར་བརྒྱ་ཆའི་བདུན་ལྷག་དང་བརྒྱ་ཆའི་ང་བདུན་ལྷག་ལ་ཇེ་མཐོར་སོང་ལ། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་མ་ལག་གི་སྣ་མང་རང་བཞིན་དང་བརྟན་འཇགས་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་རྒྱུན་མ་ཆད་པར་ཇེ་མཐོར་སོང་།

ནགས་དཔོན་དང་རྩྭ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་། རིམ་པ་ལྔ་པའི་ནགས་དཔོན་དང་རྩྭ་དཔོན་གྱི་རྩ་འཛུགས་མ་ལག་དང་ནགས་རྩྭའི་ཐོན་ཁུངས་ཀྱི་དྲ་མིག་ཅན་གྱི་དོ་དམ་རྐྱེན་སྲོལ་བཙུགས། སྐྱེ་ཁམས་ངེས་གནས་ལྟ་དཔྱད་ས་ཚིགས་བཙུགས་པ་དང་། སྐྱེ་ཁམས་ལྟ་ཞིབ་དང་དངོས་རིགས་གཙོ་བོའི་བརྟག་དཔྱད་སྤེལ་ལ། སྐྱེ་དངོས་སྣ་མང་རང་བཞིན་གྱི་ལྟ་ཞིབ་དོ་དམ་ལ་རྒྱུན་མ་ཆད་པར་ཤུགས་བསྣན། ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་དང་ནགས་རྩྭའི་གནོད་ལྡན་སྐྱེ་དངོས་འགོག་བཅོས། རི་སྐྱེས་སྲོག་ཆགས་ཀྱི་རིམས་ནད་འགོག་སྡོམ་ཇེ་དྲག་ཏུ་བཏང་སྟེ། བསྟུད་མར་ལོ་སོ་ལྔའི་རིང་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་ཆེན་པོ་དང་ནགས་རྩྭའི་སྐྱེ་དངོས་ཀྱི་གནོད་འཚེ་བྱུང་མ་མྱོང་།

རིན་ཆེན་མཚོས་བསྒྱུར།