དེང་རབས་ཞིང་ཕྱུགས་ཐོན་ལས་འཕེལ་རྒྱས་ཀྱི་ཆེད་དོན་བགྲོ་གླེང་འཛིན་གྲྭ་ཚོགས་མགོ་བརྩམས།
2022.12.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 11

ཉེ་ལམ། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་ཤིང་། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་དང་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན། མཚོ་སྔོན་ལས་བྱེད་པའི་དྲ་རྒྱའི་སློབ་གླིང་བཅས་ཀྱིས་མཉམ་དུ་སྒྲུབ་འགན་འཁུར་བའི་དེང་རབས་ཞིང་ཕྱུགས་ཐོན་ལས་འཕེལ་རྒྱས་ཀྱི་ཆེད་དོན་བགྲོ་གླེང་འཛིན་གྲྭ་ཚོགས་མགོ་བརྩམས་པ་དང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་སྡེ་ཁག་སོ་སོའི་དོ་དམ་འགན་འཁུར་བློ་མཐུན་དང་གྲོང་ཁྱེར་དང་ཁུལ། རྫོང་ས་ཁུལ་སོ་སོའི་ཏང་ཨུ་དང་སྲིད་གཞུང་། དེ་མིན་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བ་མི་བཞི་བཅུ་ཆེད་དོན་བགྲོ་གླེང་གསོ་སྦྱོང་འཛིན་གྲྭར་ཞུགས།

བགྲོ་གླེང་གསོ་སྦྱོང་བྱེད་པའི་དམིགས་ཡུལ་ནི་དབུལ་ཐར་མཁྲེགས་གཏོར་དང་གྲོང་གསེབ་དར་སྤེལ་སྲིད་ཇུས་འབྲེལ་མཐུད་བྱེད་རྒྱུ་ཁོང་དུ་ཆུད་པར་བྱེད་པ་དང་། ཞིང་ཕྱུགས་ལས་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་ནུས་པ་དང་ཆུ་ཚད་སྔར་ལས་མཐོར་འདེགས་སུ་བཏང་ནས། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ས་འཛུགས་སྐྲུན་བྱེད་པར་ནུས་པ་འདོན་རྒྱུ་དེ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་བགྲོ་གླེང་འཛིན་གྲྭ་དེ་མཚོ་སྔོན་ལས་བྱེད་པའི་དྲ་རྒྱའི་སློབ་གླིང་གིས་དྲ་ངོས་བརྒྱུད་དེ་སློབ་ཁྲིད་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་ནན་མོ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་གྱི་འཛུགས་སྐྲུན་སྐོར་གྱི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་བཟང་བོ་བྱེད་པར་མ་ཟད། རང་ཞིང་གི་ཞིང་ཕྱུགས་ལས་ཁྱད་ཆོས་དང་ཟུང་འབྲེལ་བྱེད་པ་དང་། གཙོ་བོ་ཉི་འོད་དང་གྲོ་ནག ནོར། བོད་ལུག་སོགས་ཁྱད་ལྡན་ཐོན་ལས་མ་ལག་ལ་དམིགས་ནས་སློབ་སྦྱོང་དང་བགྲོ་གླེང་བྱེད་རྒྱུ་རེད།

བཀྲི་ཤིས་འབུམ་གྱིས་བསྒྱུར།