ཟླ་བཅུ་གཉིས་པའི་ཚེས་བཅོ་ལྔ་ཉིན། གསར་འགོད་པས་ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ནས་རྒྱུས་ལོན་བྱུང་བ་ལྟར་ན། དབང་བོ་སྐྱོན་ཅན་གྱི་མངགས་བཅོལ་གསོ་སྐྱོང་གི་ཞབས་ཞུ་ནུས་པའི་ཆུ་ཚད་མཐོར་འདེགས་གཏོང་བ་དང་། དབང་བོ་སྐྱོན་ཅན་ཁྱིམ་ཚང་གི་ཁུར་བོ་ཇེ་ཡང་དུ་གཏོང་བ། དབང་བོ་སྐྱོན་ཅན་ལ་རོགས་བྱས་ནས་འཚོ་བའི་ཡིད་ཆེས་ཇེ་དྲག་ཏུ་གཏོང་བ་དང་སྤྱི་ཚོགས་ལ་ཞུགས་པའི་ནུས་པ་མཐོར་འདེགས་གཏོང་བ། འཚོ་བའི་སྤུས་ཚད་མཐོར་འདེགས་གཏོང་བ་བཅས་བྱེད་ཆེད། ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་དབང་བོ་སྐྱོན་ཅན་གྱི་མངགས་བཅོལ་གསོ་སྐྱོང་ཞབས་ཞུ་བྱ་བ་སྤེལ། ༢༠༢༢ལོར། ཞིང་ཆེན་ཡོངས་ཀྱིས་མ་དངུལ་སྒོར་བྱེ་བ་གཅིག་དང་འབུམ་དགུ་ཁྲི་བཞི་བཏང་ནས་དབང་བོ་སྐྱོན་ཅན་གྱི་མངགས་བཅོལ་གསོ་སྐྱོང་དང་ཉིན་དཀར་ལྟ་སྐྱོང་། ཁྱིམ་སྡོད་མངགས་གསོ། ཁྱིམ་མཚེས་ཀྱི་བདག་སྐྱོང་སོགས་མངགས་བཅོལ་ཞབས་ཞུ་སྤེལ། མིག་སྔའི་བར་དུ། ཞིང་ཆེན་ཡོངས་ཀྱིས་དབང་བོ་སྐྱོན་ཅན་སྟོང་གསུམ་དང་ཞེ་བརྒྱད་ལ་མངགས་བཅོལ་གསོ་སྐྱོང་འདོན་སྤྲོད་བྱས།
ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་དབང་བོ་སྐྱོན་ཅན་གྱི་མངགས་བཅོལ་གསོ་སྐྱོང་ཞབས་ཞུ་བྱ་བར་ཧ་ཅང་མཐོང་ཆེན་བྱས་པ་དང་། དབང་བོ་སྐྱོན་ཅན་གྱི་མངགས་བཅོལ་གསོ་སྐྱོང་ཞབས་ཞུ་འགན་སྲུང་ལ་ཤུགས་བསྣན་ལ། ཀྲུང་དབྱང་གི་ཆེད་དོན་ཁ་གསབ་མ་དངུལ་གྱི་རྨང་གཞིའི་སྟེང་། ཞིང་ཆེན་རིམ་པ་དང་ས་གནས་ཆ་སྡེབས་མ་དངུལ་དེ་མི་རེར་ལོ་རེར་རྒྱུན་སྡོད་མངགས་སྐྱོང་མ་དངུལ་སྒོར་སྟོང་བདུན་དང་ཉིས་བརྒྱ་ལས་མི་ཉུང་བ་དང་། ཉིན་དཀར་བདག་སྐྱོང་མ་དངུལ་སྒོར་སྟོང་གསུམ་བརྒྱ་དང་ཉི་ཤུ་ལས་མི་ཉུང་བ། ཁྱིམ་སྡོད་མངགས་སྐྱོང་མ་དངུལ་སྒོར་སྟོང་གཉིས་དང་བཞི་བརྒྱ་ལས་མི་ཉུང་བའི་ཚད་གཞི་ལྟར་ཁ་གསབ་བྱས། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འོད་ལྡན་ཁྱིམ་གཞིའི་འཆར་འགོད་དེ་དབང་བོ་སྐྱོན་ཅན་གྱི་མངགས་བཅོལ་གསོ་སྐྱོང་ཞབས་ཞུ་ལག་བསྟར་ཇུས་གཞི་ཕྱིར་བཏོན་པ་དང་། མཚོ་སྔོན་ཞིང་ཆེན་དབང་བོ་སྐྱོན་ཅན་གྱི་མངགས་བཅོལ་གསོ་སྐྱོང་ཞབས་ཞུའི་དོ་དམ་བྱེད་ཐབས་ཞིབ་འཇུག་བྱས་པར་མ་ཟད་གཏན་འབེབས་བྱས་ནས། མངགས་བཅོལ་གསོ་སྐྱོང་ཞབས་ཞུ་ཚད་གཞི་དང་དོ་དམ། མ་དངུལ་ལྟ་སྐུལ་དོ་དམ་སོགས་ཀྱི་དོ་དམ་ཚད་གཞི་སྔར་ལས་ཇེ་ལེགས་སུ་བཏང་བ་དང་། འབྲེལ་ཡོད་ཞབས་ཞུའི་ཚད་གཞི་འཆར་འགོད་གཏན་འབེབས་བྱས་ཏེ། དབང་བོ་སྐྱོན་ཅན་གྱི་མངགས་བཅོལ་གསོ་སྐྱོང་ཞབས་ཞུ་ཚད་ལྡན་སྒོས་འཕེལ་རྒྱས་སུ་གཏོང་བའི་ཐད་ལམ་ལུགས་ཀྱི་རྨང་གཞི་བཏིངས།
དེ་ལས་གཞན། རང་ཞིང་གི་དབང་བོ་སྐྱོན་ཅན་བྱ་བའི་གནས་ཚུལ་དངོས་ལ་ཁ་གཏད་དེ། ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་མངགས་བཅོལ་གསོ་སྐྱོང་དང་ལས་ཞུགས་ལས་སྐྲུན་དང་ལུས་གསོ་སོགས་ནང་དོན་ཕན་ཚུན་ཟུང་འབྲེལ་བྱས་ནས། དབང་བོ་སྐྱོན་ཅན་གྱི་ཕྱོགས་ཡོངས་འཕེལ་རྒྱས་ལ་སྐུལ་འདེད་བཏང་། ལས་ཞུགས་ལས་སྐྲུན་ཕྱོགས་ནས། དབང་བོ་སྐྱོན་ཅན་གྱི་རམ་འདེགས་རང་བཞིན་གྱི་ལས་ཞུགས་བྱེད་ས་བཀོལ་སྤྱོད་བཟང་བོ་བྱེད་པ་དང་། ངལ་རྩོལ་ནུས་པ་ངེས་ཅན་ལྡན་པའི་དབང་བོ་སྐྱོན་ཅན་རྩ་འཛུགས་བྱས་ནས་ལག་ཤེས་ཐོན་རྫས་བཟོ་སྐྲུན་ལས་སྣོན་བྱེད་པ་བརྒྱུད་དེ། དཔལ་འབྱོར་ཡོང་སྒོ་ཇེ་མང་དུ་བཏང་ཞིང་། ཐོན་ཁུངས་མཉམ་བསྲེས་བྱས་པ་དང་། ཕྱོགས་སོ་སོའི་སྟོབས་ཤུགས་འདོན་སྤེལ་བྱས་ནས་མངགས་བཅོལ་གསོ་སྐྱོང་ཞབས་ཞུ་བྱ་བ་བཟང་བོར་བསྒྲུབས་ནས། དབང་བོ་སྐྱོན་ཅན་གྱི་མངགས་བཅོལ་གསོ་སྐྱོང་ཞབས་ཞུའི་སྤྱི་ཚོགས་ཕན་འབྲས་མཐོར་འདེགས་བཏང་།
རིན་ཆེན་མཚོས་བསྒྱུར།