ཟླ་བཅུ་གཉིས་པའི་ཚེས་བཅུ་བཞི་ཉིན་ནས་ཚེས་བཅོ་ལྔ་ཉིན་བར། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་རིམ་པ་དང་པོའི་སྐོར་ཞིབ་པ་ལིའུ་ཝེ་དང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་ཝེ་ཙིན་པོ། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་སློབ་གཙོ་གཞོན་པ། དགེ་རྒན་ཆེན་མོ་ལིས་ཀོང་པེན། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་གྱི་ཐིན་ཀྲང་གཞོན་པ་ཝུའུ་ཞའོ་ཏུང་། ཞིང་ཆེན་ཚན་རིག་ལག་རྩལ་ཐིན་གྱི་ཐིན་ཀྲང་གཞོན་པ་སུའུ་ཧའེ་ཧུང་། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཐེ་ཀྲང་གཞོན་པ་ལིས་ཧྥུའུ་ཁྲིན། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཝུའུ་ཅན་ཅུན། རྒྱལ་ཁབ་ཞིབ་དཔྱོད་དཔོན་པོའི་སློབ་གླིང་མཚོ་སྔོན་ཡན་ལག་སློབ་གླིང་གི་ཡོན་ཀྲང་མཱ་ཐེན་ཧྲན་བཅས་ལས་ཁུངས་དང་ཁུལ་དང་གྲོང་ཁྱེར། ཁེ་ལས་སོགས་སྐོར་ཞིག་ལ་སོང་ནས་གཅིག་བསྡུས་སྒྲོག་འགྲེལ་བྱས།
སྒྲོག་འགྲེལ་ཁྲོད། ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མིས་གཞུང་ལུགས་འགྲེལ་བཤད་དང་དཔེ་གཞི་འགྲེལ་ཀློག དབྱེ་ཞིབ་ཞིབ་སྡུར་སོགས་ཀྱི་རྣམ་པ་བརྒྱུད་དེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་ལ་འགྲེལ་བཤད་ཆ་ཚང་དང་འགྲེལ་ཀློག་གསལ་བོ་བྱས་ནས། ཏང་ཡོན་ལས་བྱེད་པ་དང་ཁེ་ལས་ཀྱི་ལས་བཟོ་པས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་རྒྱུས་ལོན་གཏིང་ཟབ་དང་ངོས་འཛིན་སྔར་ལས་གསལ་བོ་བྱེད་ཐུབ་པར་བྱས། ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་དང་ཞིང་ཆེན་དམངས་སྲིད་ཐིན། ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིན།ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུའུ། ཞིང་ཆེན་ནགས་རྩྭ་ཅུའུ། ནུབ་རྒྱུད་གཏེར་ལས་སྡེ་ཚོགས་ཚད་ཡོད་ཀུང་ཟི། ཞིང་ཆེན་འགྲིམ་འགྲུལ་མ་རྐང་ཚོད་འཛིན་སྡེ་ཚོགས་ཚད་ཡོད་ཀུང་ཟི། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་ཐུན་རིན་གྲོང་ཁྱེར། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་བཅས་སུ་སྤེལ་བའི་སྒྲོག་འགྲེལ་བྱ་འགུལ་རེ་རེས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱིས་བསམ་བློའི་ཐུན་མོང་གི་ལྟ་བ་གཅིག་ཏུ་བསྡུ་བ་དང་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་བསྡུ་བར་སྐུལ་སློང་བྱས།
རྨ་ལྷོ་ཁུལ་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པ་ཏིང་ཡུང་ཕིང་གིས། སྒྲོག་འགྲེལ་སྙན་ཞུའི་བརྗོད་དོན་མངོན་གསལ་ཡིན་པ་དང་ནང་དོན་ཕུན་སུམ་ཚོགས་ཤིང་། ཆབ་སྲིད་ཀྱི་མཐོ་ཚད་ཡོད་ལ་གཞུང་ལུགས་ཀྱི་གཏིང་ཚད་ཡང་ཡོད་པ་དང་། ང་ཚོས་དྲང་འཛིན་གསར་གཏོད་བྱས་ནས་དུས་རབས་གསར་བའི་དྲིལ་སྒྲོག་བསམ་བློ་བྱ་བ་བཟང་བོར་བསྒྲུབ་པའི་ཐད་ཁ་གཏད་རང་བཞིན་དང་མཛུབ་ཁྲིད་རང་བཞིན་ཆེན་པོ་ལྡན། དྲིལ་སྒྲོག་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས། ངས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་གྱི་ནང་དོན་ཕུན་སུམ་ཚོགས་པ་དང་སྲོག་ཤིང་གོ་དོན་ལ་སློབ་སྦྱོང་ཟབ་མོ་དང་རྒྱུས་ལོན་གསལ་བོ་བྱེད་པ་དང་། ཧུར་ཐག་གིས་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་བསམ་བློར་དྲག་ཆས་སྤྲས་པ་དང་ལག་ལེན་ལ་མཛུབ་སྟོན་བྱེད་པ། བྱ་བར་སྐུལ་འདེད་གཏོང་བ། དྲིལ་སྒྲོག་བྱེད་ཐབས་ལ་གསར་གཏོད་བྱེད་པ། དྲིལ་སྒྲོག་གཡུལ་ས་རྒྱ་སྐྱེད་པ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དྲིལ་སྒྲོག་དང་སྒྲོག་འགྲེལ་བྱེད་པའི་བྱ་བ་བརྟན་བརླིང་ངང་སྤེལ་ནས། རྨ་ལྷོ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་ཐད་དྲིལ་སྒྲོག་གི་སྟོབས་ཤུགས་འབུལ་རྒྱུ་ཡིན་ཟེར།
ཡུས་ཧྲུའུ་ཁུལ་རིག་གནས་ལུས་རྩལ་དང་གནས་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཕྱོགས་བསྡུས་ཚན་ཁག་གི་ཁོ་ཀྲང་ལིའུ་ཡན་མེན་གྱིས། སྒྲོག་འགྲེལ་སྙན་ཞུ་ལ་ཉན་པ་བརྒྱུད་དེ་མི་སེམས་ལ་སྐུལ་མ་ཐེབས་པར་བྱས་པ་དང་ངར་སེམས་ཆེར་སྐྱེད་པས། བསམ་བློ་དང་བྱ་སྤྱོད་གཉིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སྟེང་གཅིག་གྱུར་བྱེད་པ་དང་། བསམ་བློའི་རང་རྟོགས་དང་ཆབ་སྲིད་ཀྱི་རང་རྟོགས། འགུལ་སྐྱོད་རང་རྟོགས་ཆེན་པོས། དར་ཆ་མཐོན་པོར་བསྒྲེང་བ་དང་དམངས་སེམས་གཅིག་ཏུ་བསྡུ་བ། མི་གསར་བ་སྐྱེད་སྲིང་བྱེད་པ། རིག་གནས་དར་སྤེལ་གཏོང་བ། སྣང་བརྙན་འགྲེམ་སྟོན་བྱེད་པའི་ལོ་རྒྱུས་ཀྱི་འགན་འཁྲི་ཕྲག་ཏུ་ལེན་པ། བྱ་སྤྱོད་དང་བྱེད་ཐབས་སྤྱད་དེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་རིག་གནས་གནས་སྐོར་ལས་ཁུངས་ནས་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར།
ཞིང་ཆེན་འགྲིམ་འགྲུལ་མ་རྐང་ཚོད་འཛིན་སྡེ་ཚོགས་ཚད་ཡོད་ཀུང་ཟི་བཟོ་སྐྲུན་དོ་དམ་པུའུ་ཡི་པུའུ་ཀྲང་ཀྲང་ཅིན་པོ་ཡིས་བཤད་རྒྱུར། དུས་རབས་གསར་བའི་འགྲིམ་འགྲུལ་མ་རྐང་ཚོད་འཛིན་སྡེ་ཚོགས་ཀྱི་མི་ཞིག་ཡིན་པའི་ཆ་ནས། ང་ཚོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱེད་པ་དང་། སློབ་སྦྱོང་དང་ལག་བསྟར་བྱ་བ་སྔར་ལས་གཏིང་ཟབ་ཏུ་སྤེལ་བ། བློ་སེམས་རྩེ་གཅིག་གིས་རང་ཉིད་ཀྱི་ལས་རྐང་འགན་འཁྲི་ཁྲོད་ཞུགས་པ། ནུས་པ་ཇེ་མཐོར་གཏོང་བ། རྣམ་འགྱུར་གསར་བ་དང་བརྩོན་སེམས་ཆེན་པོ། སྤྱོད་ཚུལ་གསར་བར་བརྟེན་ནས། གོམ་སྟབས་རེ་རེ་བཞིན་མཛེས་སྡུག་གི་འཆར་གཞི་མངོན་སུམ་དུ་བསྒྱུར་བ་དང་། དེང་རབས་ཅན་དྲུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་སྟོབས་ཤུགས་འབུལ་དགོས་ཟེར།
རིན་ཆེན་མཚོས་བསྒྱུར།