ཟླ་བཅུ་གཉིས་པའི་ཚེས་བཅུ་དྲུག་ཉིན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཞིང་ཆེན་སྲིད་གྲོས་མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཧྭ་ཕིང་དང་། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་ཏང་ཙུའུ་ཧྲུའུ་ཅི། འགོ་གཙོ་ཧུའུ་ཝེ་ཀྲུང་། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་སློབ་གཙོ་གཞོན་པ། དགེ་རྒན་ཆེན་མོ་ལིས་ཀོང་པེན། ཞིང་ཆེན་ཚན་རིག་ལག་རྩལ་ཐིན་གྱི་ཐིན་ཀྲང་གཞོན་པ་སུའུ་ཧའེ་ཧུང་། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཐའེ་ཀྲང་གཞོན་པ་ལིས་ཧྥུའུ་ཁྲིན། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་ལེན་ལེན། རྒྱལ་ཁབ་ཞིབ་དཔྱོད་དཔོན་པོའི་སློབ་གླིང་མཚོ་སྔོན་ཡན་ལག་སློབ་གླིང་གི་ཡོན་ཀྲང་མཱ་ཐེན་ཧྲན་བཅས་སོ་སོར་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན། ཞིང་ཆེན་རིག་གནས་དང་གནས་སྐོར་ཐིན། ཞིང་ཆེན་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཐིན། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་སོགས་ལ་སོང་ནས། ཡུལ་དངོས་དང་དྲ་ཐོག་གཉིས་ཟུང་འབྲེལ་བྱེད་པའི་རྣམ་པ་སྤྱད་དེ་གཅིག་བསྡུས་སྒྲོག་འགྲེལ་སྤེལ།
ས་ཆ་རེ་རེར་ཐོན་དུས། ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མིས་བརྗོད་དོན་ལ་དམ་དུ་དམིགས་ཤིང་གནས་ཚུལ་དངོས་ལ་འབྲེལ་འདྲིས་བྱས་པ་དང་། བརྩེ་སེམས་ལྡན་པ་དང་གོ་སླ་བའི་སྒོ་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་ལ་འགྲེལ་བཤད་གསལ་བོ་བྱས་པ་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་རྒྱུས་ལོན་གསལ་བོ་བྱེད་པ་དང་སློབ་སྦྱོང་དྲིལ་སྒྲོག་དང་ལག་བསྟར་བྱེད་པའི་ཐད་མཛུབ་སྟོན་གྱི་ནུས་པ་གལ་ཆེན་ལྡན། སྒྲོག་འགྲེལ་ཡུལ་དངོས་སུ་ཚང་མས་ནན་ཏན་སྒོས་ཉན་ཞོར་དུ་ཟིན་ཐོ་བཀོད་པ་མ་ཟད། རང་ཉིད་ཀྱི་མྱོང་ཚོར་ལ་ཟུང་འབྲེལ་བྱས་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་བྱས་པའི་ཐད་ཀྱི་གྲུབ་འབྲས་དང་མྱོང་ཚོར་བརྗེ་རེས་བྱས།
ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཏང་ཁག་ལས་དོན་ཁྲུའུ་ཡི་ཁྲུའུ་ཀྲང་ཐེན་ཡུང་ཐའོ་ཡིས་བཤད་རྒྱུར། སྒྲོག་འགྲེལ་སྙན་ཞུ་ལ་ཉན་རྗེས། མིག་རྒྱ་ཆེར་སྐྱེད་པ་དང་ངོས་འཛིན་ཇེ་མཐོར་སོང་། ང་ཚོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱེད་པ་དང་། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་རྒྱུས་ལོན་གཏིང་ཟབ་བྱེད་པ། རྒྱ་ཆེའི་དམངས་གཙོ་ཏང་ཁག་གི་ཁོངས་མིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་དཀྱིལ་སྙིང་བྱ་བར་དམིགས་ནས་མཉམ་དུ་བསམ་གཞིགས་གཏོང་བ་དང་མཉམ་དུ་འབད་འཐབ་བྱས་ཏེ། སློབ་སྦྱོང་དང་ལག་བསྟར་གྱི་གྲུབ་འབྲས་དེ་མཚོ་སྔོན་གྱི་འཐབ་ཕྱོགས་གཅིག་གྱུར་བྱ་བ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་སྒུལ་ནུས་ཆེན་པོ་རུ་བསྒྱུར་བ་དང་། དེང་རབས་ཅན་དྲུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་དམངས་གཙོ་ཏང་ཁག་སོ་སོའི་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས།
ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་གྲོང་གསེབ་ཐོན་ལས་འཕེལ་རྒྱས་ཁྲུའུ་ཡི་ཁྲུའུ་ཀྲང་ཚའེ་ཆོན་ཅུན་གྱིས་བཤད་རྒྱུར། སྒྲོག་འགྲེལ་གྱིས་ང་ཚོས་རྗེས་ཕྱོགས་ཀྱི་བྱ་བའི་ཐད་བསམ་ཕྱོགས་གསར་བ་དང་སྒུལ་ཤུགས་གསར་བ་འདོན་སྤྲོད་བྱས། ང་ཚོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པས་བཏོན་པའི་དམིགས་འབེན་ལས་འགན་ཚད་གཞིར་བཟུང་ནས་བྱ་བའི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱེད་པ་དང་། ཞིང་ལས་ཀྱི་ཐོན་ལས་མུ་ཐག་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པ། ཞིང་སྡེའི་གློག་རྡུལ་ཚོང་དོན་འཕེལ་རྒྱས་སུ་གཏོང་བ། གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སུ་གཏོང་བ། གྲོང་གསེབ་ཀྱི་ལག་ཤེས་པ་སྐྱེད་སྲིང་བྱེད་པ་དང་གྲོང་གསེབ་ཀྱི་ཁྱད་ལྡན་ཚོང་རྟགས་མིང་གྲགས་ཅན་འཛུགས་སྐྲུན་བྱེད་པ། གྲོང་གསེབ་ཀྱི་གུང་གསེང་གནས་སྐོར་ལས་རིགས་འཕེལ་རྒྱས་སུ་གཏོང་བ། ཞིང་ལས་ལ་མཉམ་འབྲེལ་བྱེད་པ་དང་ཞིང་ལས་ལ་སྣེ་ཁྲིད་བྱེད་པའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ། མཚོ་སྔོན་གྱི་ཞིང་ལས་ཞིང་སྡེ་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་ཐོད་བརྒལ་གསར་བ་ལེན་པ་དང་སྟེགས་བུ་གསར་བ་ཞིག་ཏུ་བསྐྱོད་པ། རྣམ་པ་གསར་བ་བསྐྲུན་དགོས།
གུང་གཞོན་ཚོགས་པ་ཁྲི་འདུ་རྫོང་ཨུའི་ཧྲུའུ་ཅི་དཔལ་ལྡན་བཟང་མོས་བཤད་རྒྱུར། ང་ཚོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱེད་པ་དང་། བྱ་བའི་ཤུགས་འདོན་ས་འཚོལ་བ། སློབ་སྦྱོང་བྱེད་ཞོར་དུ་འཆར་འགོད་བྱེད་པ་དང་ལག་བསྟར་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ། གུང་གཞོན་ཚོགས་པའི་རྩ་འཛུགས་ཀྱི་རྩ་འཛུགས་ནུས་པ་དང་སྣེ་ཁྲིད་ནུས་པ། ཞབས་ཞུ་ནུས་པ་སྔར་ལས་མཐོར་འདེགས་གཏོང་བ། རྫོང་ཡོངས་ཀྱི་གུང་གཞོན་ཚོགས་པའི་ན་གཞོན་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་བློ་བརྟན་འགྱུར་མེད་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་དྲིན་ལན་བསམ་པ། ཏང་གི་རྗེས་སུ་འབྲངས་པ་དང་། ཕུགས་འདུན་ཡོད་པ་དང་ཁག་ཁུར་ལྡན་པ། དཀའ་སྤྱད་འབད་བརྩོན་བྱེད་ཕོད་པའི་དུས་རབས་གསར་བའི་ན་གཞོན་བཟང་བོ་ཞིག་བྱས་ཏེ། ཁྲི་འདུ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་ལེའུ་གསར་བ་འབྲི་བའི་ཐད་ལང་ཚོའི་སྟོངས་ཤུགས་འབུལ་དགོས།
རིན་ཆེན་མཚོས་བསྒྱུར།