ཟླ་བཅུ་གཉིས་པའི་ཚེས་བཅུ་བཞི་ཉིན། གསར་འགོད་པས་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་སྒྲུབ་ཁང་གིས་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་རྒྱུན་ལོན་བྱུང་བ་ལྟར་ན། ཉིས་སྟོང་ཉེར་གཉིས་ལོར་རང་ཞིང་གིས་རྒྱལ་ཁོངས་ལྗང་སྒྱུར་རྒྱ་ཁྱོན་མུའུ་ས་ཡ་ལྔ་དང་འབུམ་གཉིས་ཁྲི་ལྔ་སྟོང་ལྔ་ཡོངས་འགྲུབ་བྱས་ཤིང་། དེའི་ནང་དུ་མུའུ་ས་ཡ་གཉིས་དང་འབུམ་དྲུག་ཁྲི་བདུན་ལ་ནགས་སྐྲུན་བྱས་པ་དང་རྩྭ་ས་མུའུ་ས་ཡ་གཉིས་དང་འབུམ་ལྔ་ཁྲི་བརྒྱད་སྟོང་ལྔ་བཅོས་སྐྱོང་དང་སླར་གསོ་བྱས་པ་དང་། སོ་སོར་ལོ་ཧྲིལ་བོའི་ལས་འགན་གྱི་བརྒྱ་ཆའི་བརྒྱ་དང་ཞེ་གསུམ་ལྷག་དང་བརྒྱ་ཆའི་བརྒྱ་ཡོངས་འགྲུབ་བྱས་པས། རྒྱལ་ཁོངས་ལྗང་སྒྱུར་ཐད་ནས་གྲུབ་འབྲས་མངོན་གསལ་ཐོབ།
ད་ལོར་རང་ཞིང་གིས་རྨ་འབྲི་རྫ་གསུམ་དང་མདོ་ལ་རི་བོ། བྱང་གསུམ་འགོག་སྲུང་ནགས་ཚལ། རང་བྱུང་ནགས་ཚལ་སྲུང་སྐྱོབ་དང་སླར་གསོ། རྩྭ་ས་བཅོས་སྐྱོང་དང་སླར་གསོ། རྨོ་སྐྱུར་ནགས་སྐྲུན་རྩྭ་འདེབས་སོགས་སྐྱེ་ཁམས་བཟོ་སྐྲུན་གལ་ཆེན་དག་ལ་གཞི་བཅོལ་ནས། ཉིས་སྟོང་ཉི་ཤུ་ལོ་ནས་ཉིས་སྟོང་ཉེར་གཉིས་ལོའི་བར་གྱི་མཚོ་སྔོན་ཞིང་ཆེན་རྒྱལ་ཁོངས་ལྗང་སྒྱུར་ཅན་སྲ་བརྟན་དུ་གཏོང་པའི་ལོ་གསུམ་འགུལ་སྐྱོད་འཆར་གཞི་ལག་བསྟར་གཏིང་ཟབ་བྱས་ཏེ། ཟི་ལིང་ལྷོ་རི་དང་བྱང་རི། རྨ་ཆུའི་བཞུར་རྒྱུན་གྱི་གཅན་ཚ་ནས་ཐུན་རིན་བར་གྱི་སྐྱེ་ཁམས་སླར་གསོའི་ལས་གཞི་དང་། ཙོང་ཆུའི་འབབ་རྒྱུད། རྨ་ཆུའི་གཞོང་ས་སོགས་ཀྱི་ས་ཁུལ་གཙོ་བོའི་ལྗང་སྒྱུར་ལ་སྐུལ་འདེད་བཏང་།
ཉིས་སྟོང་ཉེར་གསུམ་ལོར། རང་ཞིང་གིས་མུ་མཐུད་དུ་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོ་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། རྨ་འབྲི་རྫ་གསུམ་དང་མདོ་ལ་རི་བོ། མཚོ་སྔོན་པོ། ཚྭ་འདམ་གཞོང་། ཙོང་ཆུའི་གཞོང་བཅས་སྐྱེ་ཁམས་ས་ཁུལ་ལྔ་ལ་དམ་པོར་སྦྲེལ་ཏེ། སྐྱེ་ཁམས་ཞན་འགྱུར་ས་ཁུལ་དང་ནགས་རྩྭ་སྐྱེས་ཚུལ་མི་བཟང་བའི་ས་ཁུལ་སོགས་ཁུལ་ཁོངས་གཙོ་བོའི་སྐྱེ་ཁམས་སླར་གསོ་བྱེད་པར་སྐུལ་འདེད་བཏང་ནས། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་དང་མི་སྡོད་ཁོར་ཡུག་སྔར་ལས་ལེགས་བཅོས་བྱེད་རྒྱུ་རེད།
བཀྲ་ཤིས་འབུམ་གྱིས་བསྒྱུར།