མཚོ་ཤར་གྲོང་ཁྱེར་གྱིས་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་སྲུང་སྐྱོབ་ཀྱི་རྣམ་པ་གསར་བ་ཧུར་ཐག་གིས་བསྐྲུན།
ཟླ་བཅུ་གཉིས་པའི་ཚེས་བཅུ་གཉིས་ཉིན། གསར་འགོད་པས་མཚོ་ཤར་གྲོང་ཁྱེར་ནགས་ལས་དང་རྩྭ་ས་ཅུའུ་ནས་རྒྱུན་ལོན་པ་ལྟར་ན། རི་སྐྱེས་སྲོག་ཆགས་ཐོན་ཁུངས་ལ་གཏོར་བརླགས་གཏོང་བའི་ཁྲིམས་འགལ་ནག་ཉེས་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་གཏོང་ཆེད། ད་ལོར་མཚོ་ཤར་གྲོང་ཁྱེར་ནགས་རྩྭ་ཅུའུ་ཡིས་སྤྱི་བདེ་དང་། ཞིང་ལས། ཁྲོམ་ར་ལྟ་སྐུལ་དོ་དམ་སོགས་སྡེ་ཁག་བརྒྱད་དང་མཉམ་དུ། གྲོང་རྡལ་དང་། ནགས་ར། གསོ་སྤེལ་ར་བ་སོགས་གཙོ་གནད་ཁུལ་ཁུངས་ལ་ཁ་གཏད་ནས། རི་དང་ནགས་ཚལ་ལ་སྐོར་ཞིབ་བྱེད་པ་བྱེད་ཐབས་སུ་བྱས་ཏེ་རི་དྭགས་རྔོན་ཆས་གཙང་སེལ་བྱས་པ་དང་། ཞིང་ལས་ཚོང་ར་དང་། མེ་ཏོག་དང་བྱ་རིགས་ཚོང་ར། ཟ་ཁང་སོགས་གཙོ་གནད་ཁུལ་དུ་སྐོར་ཞིབ་བྱས་པས། མིག་སྔར་རི་སྐྱེས་སྲོག་ཆགས་འཛིན་པ་དང་གསོད་པ། ལས་སྣོན་ཉོ་ཚོང་སོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་སྤེལ་བའི་གནས་ཚུལ་བྱུང་མེད།
མཚོ་ཤར་གྲོང་ཁྱེར་གྱིས་འཛམ་གླིང་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ཉིན་མོ། བྱ་རིགས་གཅེས་སྐྱོང་གཟའ་འཁོར། རི་སྐྱེས་སྲོག་ཆགས་དྲིལ་སྒྲོག་ཟླ་བ་སོགས་བརྗོད་གཞི་ཡིན་པའི་དྲིལ་སྒྲོག་བྱ་འགུལ་ཧུར་ཐག་གིས་སྤེལ་བ་བརྒྱུད་དེ། རི་སྐྱེས་སྲོག་ཆགས་རིགས་ཀྱི་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་རྒྱུ་དྲིལ་སྒྲོག་དང་ཚན་རྩལ་ཤེས་བྱ་ཁྱབ་བརྡལ་དུ་བཏང་ལ། སྤྱི་དམངས་ཀྱི་སྲུང་སྐྱོབ་འདུ་ཤེས་སྔར་ལས་ཇེ་མཐོར་བཏང་། རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་དང་ཁྲིམས་འགལ་ནག་ཉེས་ཐེར་འདོན་བྱེད་པའི་བྱ་དགའི་དངུལ་སྟེར་བ་དང་། མཚོ་ཤར་གྲོང་ཁྱེར་གྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་སྲོག་སྐྱོབ་བྱ་བའི་བྱ་དགའི་བྱེད་ཐབས་ཟིན་འགོད་གཏན་འབེབས་བྱས། རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་སྲུང་སྐྱོབ་བྱ་བའི་གྲོན་དངུལ་དངོས་འབེབས་དང་གྲོང་ཁྱེར་ཡོངས་ཀྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་རོགས་སྐྱོབ་ཀྱི་འགན་སྲུང་སྔར་ལས་ཚད་ལྡན་དུ་བཏང་། མིག་སྔའི་བར་དུ། སྡོམ་པས་རི་སྐྱེས་སྲོག་ཆགས་སྲོག་སྐྱོབ་བྱ་བ་ཐེངས་སུམ་ཅུ་ལྷག་དང་། གླ་དང་། བྱ་ཁྲ་དམར་པོ། གླག་རྒོད། སྲིན་བྱ། ཐང་རྒོད། ཆུ་སྐྱར་སོགས་གཙོ་གནད་སྲུང་སྐྱོབ་བྱེད་པའི་རི་སྐྱེས་སྲོག་ཆགས་སྲོག་སྐྱོབ་བྱས་ཡོད།
རིག་འཛིན་སྒྲོལ་མས་བསྒྱུར།