མཚོ་སྔོན་ཞིང་ཆེན་གྱིས་དབང་བོ་སྐྱོན་ཅན་གྱི་མངགས་བཅོལ་གསོ་སྐྱོང་ཞབས་ཞུ་བྱ་བ་བརྟན་བརླིང་ངང་སྤེལ།
2022.12.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 14

ཟླ་བཅུ་གཉིས་པའི་ཚེས་བཅོ་ལྔ་ཉིན། གསར་འགོད་པས་ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ནས་རྒྱུས་ལོན་བྱུང་བ་ལྟར་ན། དབང་བོ་སྐྱོན་ཅན་གྱི་མངགས་བཅོལ་གསོ་སྐྱོང་ཞབས་ཞུ་ནུས་པའི་ཆུ་ཚད་མཐོར་འདེགས་གཏོང་བ་དང་། དབང་བོ་སྐྱོན་ཅན་ཁྱིམ་ཚང་གི་ཁུར་བོ་ཇེ་ཡང་དུ་གཏོང་བ། དབང་བོ་སྐྱོན་ཅན་གྱི་འཚོ་བའི་ཡིད་ཆེས་ཇེ་དྲག་ཏུ་གཏོང་བ་དང་སྤྱི་ཚོགས་ཟབ་ཞུགས་ཀྱི་ནུས་པ་མཐོར་འདེགས་གཏོང་བ། འཚོ་བའི་སྤུས་ཚད་མཐོར་འདེགས་གཏོང་བར་རོགས་འདེགས་བྱེད་པ་བཅས་བྱེད་ཆེད། མཚོ་སྔོན་ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་དབང་བོ་སྐྱོན་ཅན་ལ་ཞབས་འདེགས་ཞུ་བའི་འདུ་ཤེས་རྒྱུན་འཁྱོངས་བྱས་པ་དང་། དབང་བོ་སྐྱོན་ཅན་གྱི་མངགས་བཅོལ་ཞབས་ཞུའི་བྱེད་ཐབས་སྣ་ཚོགས་འཐུས་ཚང་དུ་བཏང་ནས། དབང་བོ་སྐྱོན་ཅན་གྱི་མངགས་བཅོལ་ཞབས་ཞུ་བྱ་བར་སྐུལ་འདེད་བཏང་།

ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའུ་དང་ལས་འཛིན་ལྷན་ཚོགས་ཀྱིས་དབང་བོ་སྐྱོན་ཅན་གྱི་མངགས་བཅོལ་གསོ་སྐྱོང་ཞབས་ཞུ་བྱ་བར་ཧ་ཅང་མཐོང་ཆེན་བྱས་པ་དང་། དབང་བོ་སྐྱོན་ཅན་གྱི་མངགས་བཅོལ་གསོ་སྐྱོང་ཞབས་ཞུ་འགན་སྲུང་ལ་ཤུགས་བསྣན་ལ། ཀྲུང་དབྱང་ཆེད་དོན་ཁ་གསབ་མ་དངུལ་གྱི་རྨང་གཞིའི་སྟེང་། ཞིང་ཆེན་རིམ་པ་དང་ས་གནས་ཀྱི་ཆ་སྡེབས་མ་དངུལ་དེ་མི་རེའི་ལོ་རེའི་རྒྱུན་སྡོད་མངགས་བཅོལ་གསོ་སྐྱོང་སྒོར་སྟོང་བདུན་དང་ཉིས་བརྒྱ་ལས་མི་ཉུང་བ་དང་། ཉིན་དཀར་གྱི་ལྟ་སྐྱོང་དངུལ་སྒོར་སྟོང་གསུམ་བརྒྱ་དང་ཉི་ཤུ་ལས་མི་ཉུང་བ། ཁྱིམ་སྡོད་མངགས་བཅོལ་གསོ་སྐྱོང་དངུལ་སྒོར་སྟོང་གཉིས་དང་བཞི་བརྒྱ་ལས་མི་ཉུང་བའི་ཚད་གཞི་ལྟར་ཁ་གསབ་བྱས། ༢༠༢༢ལོར། ཞིང་ཆེན་ཡོངས་ཀྱི་མ་དངུལ་སྒོར་བྱེ་བ་གཅིག་དང་འབུམ་དགུ་ཁྲི་བཞི་བཏང་ནས་དབང་བོ་སྐྱོན་ཅན་ལ་ཁ་གཏད་དེ་རྒྱུན་སྡོད་མངགས་བཅོལ་གསོ་སྐྱོང་དང་ཉིན་དཀར་ལྟ་སྐྱོང་། ཁྱིམ་སྡོད་མངགས་བཅོལ་གསོ་སྐྱོང་། ཁྱིམ་མཚེས་གཉོར་སྐྱོང་སོགས་མངགས་བཅོལ་ཞབས་ཞུ་སྤེལ། མིག་སྔའི་བར་དུ། ཞིང་ཆེན་ཡོངས་ཀྱིས་དབང་བོ་སྐྱོན་ཅན་སྟོང་གསུམ་དང་ཞེ་བརྒྱད་ལ་མངགས་བཅོལ་གསོ་སྐྱོང་ཞབས་ཞུ་འདོན་སྤྲོད་བྱས།

དབང་བོ་སྐྱོན་ཅན་གྱི་མངགས་བཅོལ་ཞབས་ཞུ་བྱ་བ་དེ་དམངས་ཚིས་དངོས་དོན་དུ་བརྩིས་ནས་དབང་བོ་སྐྱོན་ཅན་བྱ་བའི་དམིགས་འབེན་དཔྱད་ཞིབ་དམིགས་ཚད་མ་ལག་ཁྲོད་བཞག་པ་དང་། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་ཉི་འོད་ཁྱིམ་གཞི་འཆར་གཞི་སྟེ། བསམ་པ་དང་རིག་ནུས། རྐང་ལག་ལ་སྐྱོན་ཆེན་པོ་ལྡན་པའི་དབང་བོ་སྐྱོན་ཅན་གྱི་མངགས་བཅོལ་གསོ་སྐྱོང་ཞབས་ཞུ་ལག་བསྟར་ཇུས་གཞི་ཕྱིར་བཏོན་ལ། མཚོ་སྔོན་ཞིང་ཆེན་གྱི་དབང་བོ་སྐྱོན་ཅན་གྱི་མངགས་བཅོལ་གསོ་སྐྱོང་ཞབས་ཞུའི་དོ་དམ་བྱེད་ཐབས་ཞིབ་འཇུག་དང་གཏན་འབེབས་བྱས་པ་དང་། མངགས་བཅོལ་གསོ་སྐྱོང་ཞབས་ཞུའི་ཆོག་མཆན་དང་དོ་དམ། མ་དངུལ་ལྟ་སྐུལ་དོ་དམ་སོགས་ཀྱི་དོ་དམ་ཚད་གཞི་སྔར་ལས་འཐུས་ཚང་དུ་བཏང་ཞིང་། འབྲེལ་ཡོད་ཞབས་ཞུའི་ཚད་གཞི་གཏན་འཁེལ་བྱས་ཏེ། དབང་བོ་སྐྱོན་ཅན་གྱི་མངགས་བཅོལ་གསོ་སྐྱོང་ཞབས་ཞུ་ཚད་ལྡན་སྒོས་འཕེལ་རྒྱས་སུ་གཏོང་བའི་ཐད་ལམ་ལུགས་ཀྱི་རྨང་གཞི་བཏིངས།

རང་ཞིང་གི་དབང་བོ་སྐྱོན་ཅན་བྱ་བའི་གནས་ཚུལ་དངོས་ལ་ཁ་གཏད་དེ། མངགས་བཅོལ་གསོ་སྐྱོང་ཞབས་ཞུའི་རྣམ་པར་འཚོལ་ཞིབ་དང་གསར་གཏོད་བྱས་པ་དང་། མངགས་བཅོལ་གསོ་སྐྱོང་དང་ལས་ཞུགས་ལས་སྐྲུན། ལུས་གསོ་སོགས་ནང་དོན་དང་ཟུང་འབྲེལ་བྱས་ནས། དབང་བོ་སྐྱོན་ཅན་གྱི་ཕྱོགས་ཡོངས་འཕེལ་རྒྱས་ལ་སྐུལ་འདེད་བཏང་།

རིན་ཆེན་མཚོས་བསྒྱུར།