རང་ཞིང་གིས་ལྕགས་རི་རིང་བོའི་རྒྱལ་ཁབ་རིག་གནས་སྤྱི་གླིང་འཛུགས་སྐྲུན་གྱི་མཚོ་སྔོན་བར་མཚམས་ཀྱི་བྱ་བར་བཀོད་སྒྲིག་བྱས།
2022.12.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 14

ཟླ་བཅུ་གཉིས་པའི་ཚེས་བཅོ་ལྔ་ཉིན། ཞིང་ཆེན་རིག་གནས་དང་གནས་སྐོར་ཐིན་གྱིས་ལྕགས་རི་རིང་བོའི་རྒྱལ་ཁབ་རིག་གནས་སྤྱི་གླིང་འཛུགས་སྐྲུན་གྱི་མཚོ་སྔོན་བར་མཚམས་ཀྱི་བརྙན་རིས་བཀོད་གཏོང་གྲོས་ཚོགས་བསྡུས་ནས། ས་ཆ་སོ་སོའི་བྱ་བ་སྤེལ་བའི་གནས་ཚུལ་ལ་ཉན་པ་དང་། གོ་རིམ་རྗེས་མའི་བྱ་བའི་ལས་འགན་བཀོད་སྒྲིག་བྱས།

ལོ་གསུམ་རིང་གིས་འབད་འཐབ་བརྒྱུད་དེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་བརྟན་པོའི་འོག་དང་། རིག་གནས་དང་གནས་སྐོར་པུའུ་ཡིས་རྒྱབ་སྐྱོར་ཆེན་པོའི་འོག ཞིང་ཆེན་རིམ་པའི་ཕྱོགས་ངོས་ནས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་སྲིད་གཞུང་གི་ཆེད་བསྐོས་ཧྲིན་ཀྲང་གཞོན་པས་ཚན་གཙོའི་འགན་ཁུར་བ་དང་། འབྲེལ་ཡོད་གྲོང་ཁྱེར་དང་ཁུལ། རྫོང་བཅས་ཀྱི་བློ་མཐུན་འགན་ཁུར་ཁོངས་མི་ཡིན་པའི་འགོ་ཁྲིད་ཚན་ཆུང་བཙུགས་པ་དང་། ལྕགས་རི་རིང་བོའི་རྒྱལ་ཁབ་རིག་གནས་སྤྱི་གླིང་མཚོ་སྔོན་བར་མཚམས་ཀྱི་རྫོང་དང་ས་ཁུལ་བཅུ་གཉིས་སུ་ཡང་འོས་འཚམ་གྱི་རྩ་འཛུགས་སྡེ་ཁག་བཙུགས། ཞིང་ཆེན་རིམ་པའི་སྲུང་སྐྱོབ་འཆར་འགོད་སྣེ་ཁྲིད་དུ་བྱེད་པ་དང་། ས་གནས་སྲུང་སྐྱོབ་འཆར་འགོད་དང་ལག་བསྟར་ཇུས་གཞི་འདེགས་སྐྱོར་དུ་བྱས་པའི་སྲིད་ཇུས་འགན་སྲུང་མ་ལག་བཙུགས་པ་དང་། རྟ་ཐང་རིག་གནས་ཚན་རྩལ་ཁྱབ་གདལ་སློབ་གསོ་གཙོར་བྱས་པའི་གཙོ་གནད་ལས་གཞི་སྐོར་ཞིག་ལག་བསྟར་བྱས་ལ། ལྕགས་རི་རིང་བོར་དགའ་ཞེན་དང་ཕ་ཡུལ་ལ་དགའ་ཞེན་བྱེད་པའི་ཞིབ་སློབ་གནས་སྐོར་དང་འཛམ་གླིང་གི་ཡང་རྩེ་སྟེང་གི་ལྕགས་རི་རིང་བོའི་མཚོ་སྔོན་གྱི་མིན་རྒྱལ་རབས་སྐབས་ཀྱི་ལྕགས་རི་རིང་བོའི་བརྗོད་དོན་པར་ལེན་འགྲེམ་སྟོན་སོགས་མུ་འབྲེལ་དྲིལ་སྒྲོག་འགྲེམ་སྟོན་བྱ་འགུལ་སྤེལ་ཞིང་། རྟ་ཐང་པེན་མ་ལུང་བའི་མཛེས་ལྗོངས་ཁུལ་སོགས་འཐུས་ཚབ་ཏུ་བྱས་པའི་རིག་གནས་གནས་སྐོར་མཉམ་བསྲེས་འཕེལ་རྒྱས་ཀྱི་དཔེ་སྟོན་ས་ཆ་སྐོར་ཞིག་སྐྲུན་པ་དང་། ལྕགས་རི་རིང་བོའི་འགྲམ་རྒྱུད་ཀྱི་རིག་དངོས་དང་རིག་གནས་ཀྱི་ཆེད་ལས་འཇོན་མི་སྐོར་ཞིག་སྐྱེད་སྲིང་བྱས་ཏེ། རང་ཞིང་གི་ལྕགས་རི་རིང་བོའི་རྒྱལ་ཁབ་རིག་གནས་སྤྱི་གླིང་འཛུགས་སྐྲུན་ཐད་ནས་གྲུབ་འབྲས་ཐོག་མ་བླངས།

ཐེངས་འདིའི་གྲོས་ཚོགས་ཀྱིས། ས་ཆ་སོ་སོས་ངོས་ཟིན་སྔར་ལས་ཇེ་ཟབ་ཏུ་གཏོང་བ་དང་། བྱེད་ཐབས་སྟེང་སྔར་ལས་ཤུགས་འདོན་པ། བྱ་སྤྱོད་སྟེང་སྔར་ལས་ཇེ་མགྱོགས་སུ་བཏང་ནས། ཕན་འབྲས་ལྡན་པའི་གྲུབ་འབྲས་ཀྱིས་ལྕགས་རི་རིང་བོའི་རིག་གནས་སྤྱི་གླིང་འཛུགས་སྐྲུན་ཐད་བསྐྱར་བཀོལ་དང་ཁྱབ་གདལ་བྱེད་ཆོག་པའི་མཚོ་སྔོན་གྱི་ཇུས་གཞི་འདོན་སྤྲོད་བྱེད་དགོས། གཅིག་ནས་ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་དགོས། ལྕགས་རི་རིང་བོའི་རྒྱལ་ཁབ་རིག་གནས་སྤྱི་གླིང་འཛུགས་སྐྲུན་བྱེད་རྒྱུ་ནི། རང་ཞིང་གི་རྒྱལ་ཁབ་ཀྱི་འཐབ་ཇུས་ཁྲོད་འདྲེས་པར་བྱེད་པ་དང་ཞིང་ཆེན་ཡོངས་ལ་ཞབས་འདེགས་ཞུ་བའི་བྱེད་ཐབས་གལ་ཆེན་ཡིན་པ་དང་། མཚོ་སྔོན་གྱི་ལྕགས་རི་རིང་བོའི་རིག་དངོས་ཐོན་ཁུངས་ལ་སྲུང་སྐྱོབ་བེད་སྤྱོད་བྱེད་པ་དང་། མཚོ་སྔོན་གྱི་ལྕགས་རི་རིང་བོའི་རིག་གནས་ཀྱི་གསར་སྐྲུན་རང་བཞིན་དེ་གསར་སྐྲུན་རང་བཞིན་གྱི་འཕེལ་རྒྱས་སུ་བསྒྱུར་བའི་ཐད་གོ་སྐབས་གསར་བ་སྦྱིན་པ་དང་སྟེགས་བུ་གསར་བ་འཛུགས་པར་སྐུལ་འདེད་གཏོང་དགོས། ས་ཆ་སོ་སོས་ལྕགས་རི་རིང་བོའི་རྒྱལ་ཁབ་རིག་གནས་སྤྱི་གླིང་འཛུགས་སྐྲུན་བྱེད་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། འགན་འཁྲི་འདུ་ཤེས་དང་ལོ་རྒྱུས་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། རྒྱལ་ཁབ་ཀྱིས་མཚོ་སྔོན་ལ་བསྩལ་བའི་དམིགས་བསལ་འགན་འཁྲི་ཕྲག་ཏུ་བླངས་ཏེ། གོ་སྐབས་དམ་འཛིན་བྱེད་པ་དང་། བློ་སེམས་རྩེ་གཅིག་གིས་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་དགོས། གཉིས་ནས་ལས་གཞི་འཛུགས་སྐྲུན་གཙོར་འཛིན་དགོས། གསུམ་ནས་འགྲེམ་སྟོན་བྱ་འགུལ་ལ་གསར་གཏོད་བྱེད་དགོས། བཞི་ནས་ཁྱད་ཆོས་སྔོག་འདོན་བྱེད་དགོས། ལྕགས་རི་རིང་བོའི་རྒྱལ་ཁབ་རིག་གནས་སྤྱི་གླིང་འཛུགས་སྐྲུན་གྱི་གོ་སྐབས་བཟང་བོ་དམ་འཛིན་བྱས་ཏེ། ལྕགས་རི་རིང་བོའི་སྲུང་སྐྱོབ་བེད་སྤྱོད་དང་སྐྱེ་ཁམས་གནས་སྐོར། ཞིབ་སློབ་གནས་སྐོར། ཁྱད་ལྡན་རིག་གནས་ཐོན་ལས་བཅས་མཉམ་བསྲེས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས་པའི་རེ་བ་བཏོན།

རིན་ཆེན་མཚོས་བསྒྱུར།