ཟླ་བཅུ་གཉིས་པའི་ཚེས་ཉེར་གཅིག་ཉིན། གསར་འགོད་པས་ཞིང་ཆེན་ཁྲིམས་འཛིན་ཐིན་ནས་རྒྱུས་ལོན་བྱུང་པའི་གནས་ཚུལ་ལྟར་ན། ཉེ་ལམ། ཞིང་ཆེན་ཁྲིམས་འཛིན་ཐིན་དང་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ། ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ཏང་ཨུའི་སྒྲིག་ལུགས་གཞུང་སྒྲུབ་ཁང་། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་བཅས་ཀྱིས་མཉམ་འབྲེལ་སྒོས་དུས་རབས་གསར་བའི་ཁྲིམས་འཛིན་ཁང་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་བསྣན་ཏེ་གཞི་རིམ་ཁྲིམས་སྐྱོང་ཆུ་ཚད་མཐོར་འདེགས་སུ་གཏོང་བའི་སྐོར་གྱི་བསམ་འཆར་འགྲེམ་སྤེལ་བྱས་ནས། དུས་རབས་གསར་བའི་ཁྲིམས་སའོ་འཛུགས་སྐྲུན་ལ་ཤུགས་སྣོན་པར་བཀོད་སྒྲིག་བྱས་པ་དང་། ཞིང་ཆེན་རིམ་པའི་ངོས་ནས་དུས་རབས་གསར་བའི་ཁྲིམས་འཛིན་ཁང་འཛུགས་སྐྲུན་བྱེད་པའི་ལམ་ལུགས་ཇུས་འགོད་འཐུས་ཚང་དུ་བཏང་།
བསམ་འཆར་ལས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་ནན་མོ་བྱེད་པ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། ཁྲིམས་འཛིན་ཁང་གི་བྱ་བའི་ཁྲོད་དུ་ཏང་གིས་མཐའ་གཅིག་ཏུ་མགོ་ཁྲིད་པ་རྒྱུན་འཁྱོངས་བྱེད་པ་དང་། མི་དམངས་དཀྱིལ་སྙིང་དུ་འཛིན་པ་རྒྱུན་འཁྱོངས་བྱེད་པ། གཅིག་གྱུར་སྒོས་འཆར་འགོད་དང་ཇུས་འགོད་པ་རྒྱུན་འཁྱོངས་བྱེད་པ། གནད་དོན་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ། ཕན་འབྲས་ལ་དོ་སྣང་བྱེད་པ་རྒྱུན་འཁྱོངས་བྱེད་དགོས། ཕྱོགས་བརྒྱད་ཀྱི་བྱ་བའི་བྱེད་ཐབས་དངོས་འབེབས་བྱས་པ་བརྒྱུད་དེ། ཧུར་ཐག་སྒོས་ཁྲིམས་འཛིན་ཁང་དེ་གཞི་རིམ་ཁྲིམས་སྐྱོང་འཛུགས་སྐྲུན་གྱི་རྨང་གཞིའི་སྟེགས་བུ་དང་གཞི་རིམ་དུ་ཁྲིམས་ལྟར་སྲིད་སྐྱོང་བའི་ཁྲིམས་སྐྱོང་ཇུས་གཞི་འདོན་ས། འགལ་བ་སྔོན་འགོག་དང་ཞི་འཇགས་སུ་གཏོང་བའི་མདུན་སྐྱོད་གཡུལ་ས། སྤྱི་ཐུན་བཅའ་ཁྲིམས་ལ་ཞབས་འདེགས་ཞུ་བའི་འཐབ་ཕྱོགས་དང་པོའི་སྒེའུ་ཁུང་བཅས་སུ་གསར་སྐྲུན་བྱེད་པ་དང་། དུས་རབས་གསར་བའི་ཁྲིམས་འཛིན་ཁང་གི་བྱ་བའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་སུ་བཏང་ནས། ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་མཚོ་སྔོན་དང་ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་བྱེད་པར་བྱས་རྗེས་ཆེན་པོ་འཇོག་དགོས་པའི་རེ་བ་བཏོན་ཡོད།
བཀྲ་ཤིས་འབུམ་གྱིས་བསྒྱུར།