ཟླ་བཅུ་གཉིས་པའི་ཚེས་ཉེར་གསུམ་ཉིན། རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་ན་གཞོན་གླེང་སྟེགས་སྐབས་བརྒྱད་པ་མཚོ་སྔོན་ཟི་ལིང་དུ་བསྡུས། ཧན་གོ་ཧྲིག་ཨར་དུ་ཡན་ལག་ཚོགས་ར་བཙུགས་པ་དང་། རྒྱལ་སྤྱིའི་སློབ་མ་དང་མཚོ་སྔོན་མཐོ་རིམ་སློབ་གྲྭའི་སློབ་མའི་འཐུས་ཚབ་དྲུག་ཅུ་ལྷག་གིས་འཛམ་གླིང་ཡོངས་ཀྱི་ནམ་ཟླའི་འགྱུར་ལྡོག་དང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་བརྗོད་དོན་ལ་དམིགས་ནས་གྲོས་སྡུར་བྱས།
སྐབས་འདིའི་གླེང་སྟེགས་དེ་ཀྲུང་གོའི་ཧན་གོར་སྡོད་པའི་གཞུང་ཚབ་ཁང་དང་ཧན་གོའི་རྒྱུད་གཅིག་ལམ་གཅིག་ཞིབ་འཇུག་གླིང་། ཧན་ཀྲུང་རིག་གནས་མཛའ་འབྲེལ་མཐུན་ཚོགས། མཚོ་སྔོན་ཞིང་ཆེན་ཕྱི་དོན་གཞུང་སྒྲུབ་ཁང་། མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་བཅས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་པ་དང་། མཚོ་སྔོན་ཞིང་ཆེན་མི་དམངས་ཕྱི་ཕྱོགས་མཛའ་མཐུན་མཐུན་ཚོགས་དང་མཚོ་སྔོན་མི་རིགས་སློབ་ཆེན་གཉིས་ཀྱིས་འགན་ཁུར་ནས་བསྒྲུབས་ལ། དེའི་དམིགས་འབེན་ནི་མཚོ་སྔོན་གྱི་ན་གཞོན་དང་འཛམ་གླིང་ཡོངས་ཀྱི་ན་གཞོན་བར་གྱི་བརྗེ་རེས་ལམ་བུ་སྔར་ལས་རྒྱ་བསྐྱེད་པ་དང་། རང་ཞིང་གི་ན་གཞོན་དང་རྒྱུད་གཅིག་ལམ་གཅིག་ལམ་རྒྱུད་རྒྱལ་ཁབ་ཀྱི་ན་གཞོན་བར་དུ་སྐྱེ་ཁམས་དང་རིག་གནས་སོགས་ཁྱབ་ཁོངས་ནས་བརྗེ་རེས་རྒྱ་ཆེར་བྱེད་པར་སྐུལ་འདེད་གཏོང་རྒྱུ་དེ་ཡིན། ཞིང་ཆེན་ཕྱི་དོན་གཞུང་སྒྲུབ་ཁང་གིས་གླེང་སྟེགས་བསྡུ་མགོ་རྩོམ་པའི་མཛད་སྒོའི་སྟེང་རྒྱལ་ཁབ་སོ་སོའི་ན་གཞོན་སློབ་མར་སེམས་ཤུགས་གཅིག་སྒྲིལ་གྱིས་དཀའ་ངལ་སེལ་བ་རྒྱུན་འཁྱོངས་བྱས་ནས། ལྗང་མདོག་འཕེལ་རྒྱས་ཀྱི་མཉམ་ཤུགས་ཆེན་པོ་གཅིག་ཏུ་བསྡུ་བ་དང་། ལྗང་མདོག་ཐཱན་དམའ་རྒྱུན་འཁྱོངས་བྱས་ཏེ། དག་གཙང་མཛེས་སྡུག་གི་ཁྱིམ་གཞི་མཉམ་འཛུགས་མཉམ་སྤྱོད་བྱེད་པ། བརྗེ་རེས་དཔེ་ལྟ་རྒྱུན་འཁྱོངས་བྱས་ནས། རྒྱལ་ཁབ་སོ་སོའི་མི་དམངས་ཀྱིས་ཕན་ཚུན་རྒྱུས་ལོན་བྱེད་རྒྱུའི་གྲོས་གཞི་བཏོན།
རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་ན་གཞོན་གླེང་སྟེགས་ཀྱིས་འཛམ་གླིང་ཡོངས་ཀྱི་ན་གཞོན་དང་རིག་གནས་པར་གྲོས་མོལ་གྱི་སྟེགས་བུ་འདོན་སྤྲོད་བྱེད་པའི་ཐད་ཤུགས་བཏོན་པ་དང་། ན་གཞོན་གྱི་ཁྱད་འཕགས་མཐོང་ཟུར་དང་ཁྱད་འཕགས་ལྟ་ཚུལ་ལ་བརྟེན་ནས། རྒྱུད་གཅིག་ལམ་གཅིག་གི་མཉམ་ལས་གནད་དོན་ལ་དམིགས་ནས་གྲོས་སྡུར་བྱས་པར་མ་ཟད། ལུགས་དང་མཐུན་པའི་ཁ་གཏད་འཇལ་ཐབས་བཏོན། མཚོ་སྔོན་སྐབས་འདིའི་འགན་སྒྲུབ་ཕྱོགས་ཡིན་པའི་ཆ་ནས། སྐབས་རྗེས་མའི་འགན་སྒྲུབ་ཕྱོགས་ཏེ་ཧན་གོའི་ཧྲིག་ཨར་ལ་ཚོགས་དར་བརྒྱུད་སྤྲོད་བྱས།