ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་བྱེད་པ་དང་། ཀན་སུའུ་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱི་ཤེས་བྱའི་ཐོན་དབང་སྲུང་སྐྱོབ་བཀོལ་སྤྱོད་མཉམ་ལས་ལ་རྒྱུན་མཐུད་ངང་ཤུགས་སྣོན་ཆེད། ཟླ་བཅུ་གཉིས་པའི་ཚེས་ཉེར་གཅིག་ཉིན། ཀན་སུའུ་དང་མཚོ་སྔོན་ཞིང་ཆེན་གྱི་ཚོང་རའི་ལྟ་སྐུལ་དོ་དམ་ཅུའུ་གཉིས་ཀྱིས་མཉམ་འབྲེལ་སྒོས་ཉིས་སྟོང་ཉེར་གཉིས་ལོའི་ས་གཤིས་མཚོན་བྱེད་ཚོང་རྟགས་མིང་གྲགས་ཅན་འཛུགས་སྐྲུན་བྱ་བའི་བཞུགས་མོལ་ཚོགས་འདུའི་བརྙན་རིས་གྲོས་ཚོགས་བསྡུས་ནས། ཚོང་རྟགས་མིང་གྲགས་ཅན་འཛུགས་སྐྲུན་གྱི་ཉམས་མྱོང་མཉམ་སྤྱོད་བྱས་པ་དང་། ཁུལ་ཁོངས་མཉམ་ལས་ཀྱི་ལམ་བུ་ལ་གྲོས་སྡུར་བྱས།
བཞུགས་མོལ་ཚོགས་འདུའི་སྟེང་། ཀན་སུའུ་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱི་ཚོང་རྟགས་དང་ས་གཤིས་མཚོན་བྱེད་ཚོང་རྟགས་འཛུགས་སྐྲུན་བྱ་བ་སྒྲུབ་མཁན་གྱི་ཆེད་མཁས་པ་བཅུ་ཡིས། ཁུལ་ཁོངས་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་པ་དང་མཉམ་ལས་སྲུང་སྐྱོང་ཇེ་དྲག་ཏུ་གཏོང་བ། ཚོང་རྟགས་ཀྱི་ཟུར་སྣོན་རིན་གྲངས་མཐོར་འདེགས་གཏོང་བ་སོགས་ཀྱི་ཟུར་ངོས་མི་འདྲ་ས་ནས། རང་ཉིད་ཀྱི་ལྟ་ཚུལ་དང་མྱོང་ཚོར། ཉམས་མྱོང་དང་བསམ་ཚུལ་གླེང་ནས། སྤོམ་དོན་གཉེར་བའི་ཁྲོད་ནས་དངོས་འཚོལ་བྱེད་པ་དང་གྲོས་སྡུར་ཁྲོད་མཐོར་འདེགས་བྱེད་པ། བརྗེ་རེས་ཁྲོད་མཉམ་སྒྲོག་བྱེད་པའི་དམིགས་འབེན་མངོན་འགྱུར་བྱས།
ཀན་སུའུ་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱི་ཚོར་རའི་ལྟ་སྐུལ་དོ་དམ་སྡེ་ཁག་གི་འབྲེལ་ཡོད་འགན་ཁུར་མི་སྣས་བསྟན་དོན། སྒོ་ཕྱེས་ནས་བློ་འདྲི་བ་དང་བློ་བསྡུས་དགེ་འཚོལ། ཇུས་ཤུགས་མཉམ་འདོན་བྱེད་པའི་བྱ་བའི་བྱེད་ཐབས་རྒྱུན་མཐུད་ངང་རྒྱུན་འཛིན་བྱེད་པ་དང་། སྦྲེལ་མཐུད་བརྗེ་རེས་དང་སྤྱི་སྡོམ་མཐོར་འདེགས་ལ་ཤུགས་སྣོན་པ། མཉམ་ལས་གསར་བ་འཚོལ་ཞིབ་དང་སྐུལ་འདེད་གཏོང་བ། ལྷག་པར་དུ་ཚོང་རྟགས་ཐོ་འགོད་དང་བཀོལ་སྤྱོད། པར་སྐྲུན། ལས་ཚབ་ཀྱི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ། ཆེད་དོན་མཉམ་འབྲེལ་ཁྲིམས་འཛིན་འགུལ་སྐྱོད་སྤེལ་བ་བཅས་ཕྱོགས་ནས་ཧུར་ཐག་གིས་མཆོང་བརྒལ་གསར་བ་བླངས་ནས། མཉམ་དུ་ཀན་སུའུ་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱི་ས་གཤིས་མཚོན་བྱེད་ཚོང་རྟགས་མིང་གྲགས་ཅན་འཛུགས་སྐྲུན་བྱེད་པའི་ཁུལ་ཁོངས་མཉམ་ལས་དེ་རིམ་པ་སྔར་ལས་མཐོ་བ་དང་ཁྱབ་ཁོངས་སྔར་ལས་རྒྱ་ཆེ་བ། སྔར་ལས་དངོས་གཉེར་གྱི་ཁ་ཕྱོགས་སུ་འཕེལ་རྒྱས་གཏོང་ཆེད་འབད་འཐབ་བྱེད་དགོས།