ཞིང་ཆེན་ཏང་ཨུའི་གཅིག་གྱུར་བཀོད་སྒྲིག་ལྟར། བསྟུད་མར་ཉིན་འགའི་རིང་ལ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཞིང་ཆེན་སྲིད་གྲོས་མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཧྭ་ཕིང་དང་། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་འཕེལ་རྒྱས་འཐབ་ཇུས་ཞིབ་འཇུག་ཁང་གི་དགེ་རྒན་ཆེན་མོ་ཤ་བོ་གཅོད་པ། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲིག་ལན་ཧྭ་བཅས་སོ་སོར་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་དང་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཐེམ་ཆེན་རྫོང་དང་ཏུའུ་ལན་རྫོང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་སོགས་ལ་སོང་ནས། དྲ་ལམ་དང་ཡུལ་དངོས་ཟུང་འབྲེལ་བྱེད་པའི་རྣམ་པ་སྤྱད་དེ་གཅིག་བསྡུས་སྒྲོག་འགྲེལ་སྤེལ།
སྒྲོག་འགྲེལ་ཁྲོད། ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མིས་དཔེ་གཞི་གསོན་པོ་དང་གཞི་གྲངས་གསལ་བོ། གོ་སླ་བའི་སྐད་ཆ་བཀོལ་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་གྲུབ་འབྲས་གཙོ་བོ་དང་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་འགྲེལ་བཤད་གསལ་བོ་བྱས་པ་དང་། གཅིག་བསྡུས་སྒོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་གྱི་གོ་དོན་གཙོ་བོ་དང་ནང་དོན་གཙོ་བོར་འགྲེལ་བཤད་བྱས་ལ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་བྱེད་པའི་བྱེ་བྲག་གི་རེ་བར་འགྲེལ་ཀློག་གཏིང་ཟབ་བྱས། ས་ཆ་རེ་རེར་ཐོན་དུས། སྒྲོག་འགྲེལ་ཚོགས་པའི་ཁོངས་མི་ཚང་མས་གཞི་རིམ་གྱི་ཉན་མཁན་ཚོ་དང་ཁ་གཏད་པ་དང་བརྗེ་རེས་རང་བཞིན་གྱི་བཞུགས་མོལ་བརྗེ་རེས་བྱས་པ་དང་། མང་ཚོགས་ཀྱི་དོགས་གནད་སེལ་ལ། ཧུར་ཐག་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་རྒྱུན་ལྡན་གྱི་མང་ཚོགས་ཁྲོད་དྲིལ་སྒྲོག་བྱེད་པར་སྐུལ་འདེད་བཏང་།
ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་ལས་ཁུངས་ཏང་ཨུའི་ལས་བྱེད་པ་ཀྲིག་ཅོན་གྱིས་བསྟན་དོན། དེ་ནི་དུས་ལ་འཁེལ་བ་དང་སྤུས་ཚད་མཐོ་བའི་སྒྲོག་འགྲེལ་སྙན་ཞུ་ཞིག་ཡིན་པ་དང་། ཚང་མས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་རྒྱུས་ལོན་ཡང་དག་བྱེད་པའི་ཐད་མཛུབ་སྟོན་གྱི་དོན་སྙིང་གལ་ཆེན་ལྡན། གཞི་རིམ་ཏང་གི་བྱ་བ་སྒྲུབ་མཁན་ཞིག་ཡིན་པའི་ཆ་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱེད་པ་དང་། བློ་སེམས་རྩེ་གཅིག་གིས་རང་གི་བྱ་བ་བཟང་བོར་བསྒྲུབ་པ། དུས་རབས་ཀྱི་ཤུགས་མཐུད་དབྱུག་པ་དམ་པོར་འཛིན་པ། ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་སྲུང་བྱེད་པ། ཏང་གི་བྱ་བའི་གནས་ཚུལ་དངོས་ལ་འབྲེལ་འདྲིས་དམ་ཟབ་བྱེད་པ། སློབ་སྦྱོང་གི་མྱོང་ཚོར་བརྗེ་རེས་བྱེད་པ་དང་སྔོན་ཐོན་ཚད་གཞིར་དཔེ་ལྟ་བྱེད་པ། མི་འདང་ས་འཚོལ་བ། འགན་འཁྲི་ཁག་ཁུར་ཆེར་བསྐྱེད་དེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་སྐྱོད་ལམ་གསར་བའི་ནུས་ཤུགས་གཙོ་བོ་བྱེད་དགོས་ཟེར།
ཐུན་ཏེ་རྫོང་ཏང་ཨུའི་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པ་པད་མ་རྡོ་རྗེ་ཡིས་བཤད་རྒྱུར། སྒྲོག་འགྲེལ་ལ་ཉན་རྗེས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་རྒྱུས་ལོན་སྔར་ལས་གཏིང་ཟབ་བྱས་པ་དང་། ང་ཚོའི་རྗེས་ཕྱོགས་སུ་བྱ་བ་བཟང་བོར་སྤེལ་བའི་ཐད་གཞི་འཛིན་ས་འདོན་སྤྲོད་བྱས་པ་དང་། ཁ་ཕྱོགས་གསལ་བོ་བསྟན། གོ་རིམ་རྗེས་མར་རང་སྟེང་གི་བྱ་བར་ཟུང་འབྲེལ་བྱེད་པ་དང་། སྟོབས་ཤུགས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པས་གཏན་ཁེལ་བྱས་པའི་ལས་འགན་སྣ་ཚོགས་སྟེང་གཅིག་སྡུད་བྱེད་པ། སློབ་སྦྱོང་གཏིང་ཟབ་བྱེད་པ། ཚད་གཞིར་འཛིན་པ་དང་ལག་བསྟར་དངོས་གཉེར་བྱེད་པ། བློ་དཀར་ཁག་ཁུར་དང་རང་གཅུན་གཏོང་ཕོད་ཀྱི་ཏང་གི་ལས་བྱེད་པ་བྱེད་པ། ཞབས་ཞུ་གསུམ་གྱི་ཆུ་ཚད་སྔར་ལས་མཐོར་འདེགས་སུ་བཏང་སྟེ། ཧུར་ཐག་གིས་དཀྱིལ་སྙིང་ལ་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ཁྲོད་ཁག་ཁུར་གསར་བ་དང་གྲུབ་འབྲས་གསར་བ་མངོན་པར་བྱེད་དགོས་ཟེར།
ཏུའུ་ལན་རྫོང་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་ལས་བྱེད་པ་སངས་རྒྱས་དོན་གྲུབ་ཀྱིས་བཤད་རྒྱུར། སྒྲོག་འགྲེལ་སྙན་ཞུ་ལ་ཉན་རྗེས། ངས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་རྒྱུས་ལོན་སྔར་ལས་གཏིང་ཟབ་བྱེད་ཐུབ་པ་བྱུང་། ང་ཚོས་མུ་མཐུད་དུ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱེད་པ་དང་། སློབ་སྦྱོང་དང་རྒྱུས་ལོན། ལག་བསྟར་བྱེད་པའི་སྟེང་ཤུགས་འདོན་པ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་འབྲོག་ཁུལ་གྱི་མང་ཚོགས་ཁྲོད་དྲིལ་སྒྲོག་བྱེད་པ་དང་། དམངས་ཚིས་དོན་དངོས་བཟང་བོར་བསྒྲུབ་རྒྱུ་དེ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱེད་པའི་བྱ་བའི་རྩ་བའི་ཤུགས་འདོན་ས་དང་རྐང་འཛུགས་ས་རུ་བྱེད་པ། འབྲོག་པ་མང་ཚོགས་ཀྱི་དཀའ་ཁག་གི་བྱ་བ་དང་སེམས་ཁྲལ་བྱེད་པའི་བྱ་བ་ཐག་བཅད་དེ། འབྲོག་པ་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་། བདེ་སྣང་བཅས་ཇེ་དྲག་ཏུ་གཏོང་དགོས་ཟེར།