ཉིས་སྟོང་ཉེར་གཉིས་ལོར་མཚོ་སྔོན་གྱིས་དབང་བོ་སྐྱོན་ཅན་གྱི་ཁ་གསབ་སྣ་གཉིས་ལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་བདུན་ས་ཡ་བདུན་བཏང་།
2022.12.30 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 19

ཟླ་བཅུ་གཉིས་པའི་ཚེས་ཉེར་དགུ་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉིས་སྟོང་ཉེར་གཉིས་ལོར། དབང་བོ་སྐྱོན་ཅན་གྱི་ཁ་གསབ་སྣ་གཉིས་ཀྱི་སྲིད་ཇུས་ལག་བསྟར་བྱེད་པར་སྔར་ལས་ཤུགས་སྣོན་ཆེད། མཚོ་སྔོན་གྱིས་དབང་བོ་སྐྱོན་ཅན་གྱི་ཁ་གསབ་སྣ་གཉིས་ཀྱི་བྱ་བ་བརྟན་བརླིང་ངང་སྤེལ་ནས། མིག་སྔའི་བར་དུ། ཞིང་ཆེན་ཡོངས་ཀྱིས་ཉིས་སྟོང་ཉེར་གཉིས་ལོར་དབང་བོ་སྐྱོན་ཅན་འབུམ་གཅིག་དང་ཁྲི་གསུམ་སྟོང་གཅིག་ཉིས་བརྒྱར་ཁ་གསབ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་བདུན་ས་ཡ་བདུན་བྱིན།

དབང་བོ་སྐྱོན་ཅན་གྱི་ཁ་གསབ་སྣ་གཉིས་ལོངས་སྤྱོད་བྱེད་འོས་པ་ཚང་མས་ལོངས་སྤྱོད་བྱེད་པ་དང་ཁྲིམས་སྲོལ་ལྟར་ལོངས་སྤྱོད་བྱེད་པར་ཁག་ཐེག་བྱེད་ཆེད། ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་དང་ཞིང་ཆེན་དམངས་སྲིད་ཐིན། ཞིང་ཆེན་ནོར་སྲིད་ཐིན་བཅས་ཀྱིས་མཉམ་དུ་དཀའ་ཁག་ཡོད་པའི་དབང་བོ་སྐྱོན་ཅན་གྱི་འཚོ་བའི་ཁ་གསབ་དང་དབང་བོ་སྐྱོན་ཅན་ལྕི་མོའི་བདག་སྐྱོང་ཁ་གསབ་ལམ་ལུགས་སྔར་ལས་འཐུས་ཚང་དུ་གཏོང་བའི་ལག་བསྟར་གྲོས་གཞི་ཕྱིར་འདོན་པར་སྐུལ་འདེད་བཏང་བ་དང་། དམངས་སྲིད་ཐིན་བར་གྱི་བརྗེ་རེས་སྦྲེལ་མཐུད་ལ་ཤུགས་བསྣན་ཞིང་། ཆ་འཕྲིན་ཞིབ་སྡུར་མཉམ་སྤྱོད་རྐྱེན་སྲོལ་བཙུགས་ནས། ཆ་འཕྲིན་གཞི་གྲངས་སྲུབས་མེད་སྦྲེལ་མཐུད་བྱེད་པར་ཁག་ཐེག་བྱས། དྲིལ་སྒྲོག་གསོ་སྦྱོང་བྱེད་ཤུགས་ཇེ་ཆེར་བཏང་བ་དང་། དབང་བོ་སྐྱོན་ཅན་གྱི་ཁ་གསབ་སྣ་གཉིས་ཀྱི་སྲིད་ཇུས་ཤེས་རྟོགས་ཚད་མཐོར་འདེགས་སུ་བཏང་། གཞི་རིམ་རྟོག་ཞིབ་དང་གཞི་རིམ་དང་ཁྱིམ་ཚང་དུ་འགྲོ་བ་སོགས་ཀྱི་གོ་སྐབས་བེད་སྤྱད་དེ། དུས་ཐོག་ཏུ་དབང་བོ་སྐྱོན་ཅན་ལ་དབང་བོ་སྐྱོན་ཅན་གྱི་ཁ་གསབ་སྣ་གཉིས་ཀྱི་སྲིད་ཇུས་དྲིལ་སྒྲོག་བྱས། མཆན་འགོད་བརྒྱུད་རིམ་ལག་བསྟར་ནན་མོ་བྱས་པ་དང་། དབང་བོ་སྐྱོན་ཅན་གྱི་ཁ་གསབ་སྣ་གཉིས་ཀྱི་ཡིག་ཐོག་སྙན་ཞུ་དང་ཐོག་མའི་ཞིབ་བཤེར། བསྐྱར་བཤེར་ནས་ཞིབ་བཤེར་གཏན་འབེབས་བཅས་ཐད་ནས། དཀའ་ཁག་ཡོད་པའི་དབང་བོ་སྐྱོན་ཅན་གྱི་འཚོ་བའི་ཁ་གསབ་དང་དབང་བོ་སྐྱོན་ཅན་ལྕི་མོའི་བདག་སྐྱོང་ཁ་གསབ་ལམ་ལུགས་སྔར་ལས་འཐུས་ཚང་དུ་གཏོང་བའི་སྐོར་གྱི་ལག་བསྟར་གྲོས་གཞིའི་ཁྲོད་ཀྱི་ཡིག་ཐོག་རེ་ཞུའི་ཆ་རྐྱེན་དང་ཡིག་ཐོག་སྙན་ཞུ་དང་མཆན་འགོད་བརྒྱུད་རིམ་གྱི་རེ་བ་ལྟར། དབང་བོ་སྐྱོན་ཅན་གྱི་ཁ་གསབ་སྣ་གཉིས་ལོངས་སྤྱོད་བྱེད་ཐུབ་པ་ཚང་མས་ལོངས་སྤྱོད་བྱེད་ཐུབ་པར་བྱས།