མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྨན་བཅོས་ཐོན་ཁུངས་གྲབས་གསོག་བྱ་བ་གོ་རིམ་ལྡན་པའི་ངང་སྤེལ།
2022.12.30 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 13

ཉེ་ལམ། མཚོ་སྔོན་ཞིང་ཆེན་རིམས་ནད་འགོག་སྡོམ་བཀོད་འདོམས་པུའུ་གཞུང་སྒྲུབ་ཁང་གིས་མཚོ་སྔོན་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན་དང་མཉམ་དུ། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་དང་ཐེན་ཅིན་གྲོང་ཁྱེར། པེ་ཅིང་གྲོང་ཁྱེར་བཅས་གདན་ཞུ་བྱས་ནས་རང་ཞིང་གི་པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་ཐད་ཀྱི་འབྲེལ་ཡོད་སྨན་རྫས་དང་གདོད་འགོག་བཤེར་འཇལ་ཚོད་སྨན་དང་འབྲེལ་བའི་བྱ་བ་སྤེལ་བར་རོགས་སྐྱོར་བྱས་པ་དང་། གྲོང་ཁྱེར་དང་ཁུལ་སོ་སོ། ཞིང་ཆེན་རིམ་པའི་འབྲེལ་ཡོད་སྨན་བཅོས་ལས་ཁུངས་སོ་སོས་བགོ་བཤའི་འཆར་གཞིའི་བཀོད་སྒྲིག་ལྟར། དུས་ཐོག་ཏུ་སྨན་རྫས་མཁོ་སྤྲོད་ཚོང་བ་དང་འབྲེལ་འདྲིས་བྱས་པ་དང་། སྨན་རྫས་སྐྱེལ་འདྲེན་ཁེ་ལས་ཀྱིས་མྱུར་དུ་སྨན་རྫས་སྐྱེལ་འདྲེན་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་སྨན་བཅོས་ཐོན་ཁུངས་གྲབས་གསོག་བྱ་བ་གོ་རིམ་ལྡན་པའི་ངང་སྤེལ།

རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་རིམས་ནད་འགོག་སྡོམ་བཀོད་འདོམས་པུའུ་སྨན་བཅོས་དངོས་ཟོག་འགན་སྲུང་ཚན་ཆུང་གིས་ཞིང་ཆེན་ནང་ཁུལ་ལ་ཁ་ཕྱོགས་ནས་ལེན་ཧྭ་ནད་འཇོམས་སྤྱིན་ཐུམ་སྒམ་འབུམ་ལྔ་དངn95་ཁ་ཐུམ་འབུམ་གསུམ་སོགས་རིམས་འགོག་དངོས་ཟོག་མང་པོ་བྱིན། ཟི་ལིང་གྲོང་ཁྱེར་གྱི་ཁོངས་གཏོགས་ས་ཆའི་སྡེ་བ་དང་སྡེ་ཁུལ་སོ་སོ་རུ་སྨན་ཉོ་སྨན་བཅོས་ཞབས་ཞུ་ཁ་པར་བཙུགས་པ་དང་། ཁོངས་གཏོགས་ས་ཁུལ་གྱི་མང་ཚོགས་དང་ལྷག་པར་དུ་གཙོ་གནད་མི་ཚོགས་ཀྱི་སྨན་བཀོལ་དགོས་མཁོར་རྒྱུས་ལོན་གསལ་བོ་བྱས་ལ། སྨན་རྫས་ཉོ་མི་ཐུབ་པའི་མི་སྣའི་གྲངས་ཀ་དང་ཆ་འཕྲིན་མཐིལ་རྟོགས་བྱས་ནས། རང་འགུལ་གྱིས་སྨན་འཚོལ་བ་དང་སྨན་ཉོ་བ། སྨན་སྐྱེལ་བ་སོགས་ཀྱི་ཞབས་འདེགས་འདོན་སྤྲོད་བྱས་པ་དང་། སྡེ་ཁུལ་ཞབས་ཞུའི་ཆེས་མཐའ་མཇུག་གི་རྨིད་གཅིག་གི་གནད་དོན་ཐག་བཅད། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་སྨན་རྫས་སིལ་འཚོང་བྱེད་ས་ཚང་མའི་སྒོ་འབྱེད་པར་སྣེ་ཁྲིད་བྱས་པ་དང་། དུས་ཚོད་ཉེར་བཞིའི་ལས་གཉེར་ཆ་རྐྱེན་ལྡན་པ་ཚང་མས་ཉིན་གང་བོར་ལས་གཉེར་བྱེད་དུ་བཅུག་ལ། ཁར་འགྲོ་བའི་སྨན་རྫས་ཚད་བཟུང་ནས་འཚོང་བ་དང་། མང་ཚོགས་ཀྱིས་ལུགས་དང་མཐུན་པའི་སྒོ་ནས་སྨན་རྫས་ཉོ་བ་དང་སྨན་རྫས་བཀོལ་སྤྱོད་བྱེད་པར་སྣེ་ཁྲིད་དྲིལ་སྒྲོག་བྱས། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་ནད་ལྕི་མོའི་སྨན་བཅོས་ནད་གཡོག་པའི་སྟོབས་ཤུགས་ཉར་གསོག་ལ་རྒྱུན་མཐུད་ངང་ཤུགས་བསྣན་པ་དང་། བྱིས་པའི་ཚན་ཁག་སོགས་ཀྱི་སྨན་པ་དང་ཞག་སྡོད་སྨན་པའི་ཚད་ལྡན་ཅན་གྱི་གསོ་སྦྱོང་མི་སྣར་གསོ་སྦྱོང་ནན་མོ་དང་ཡུལ་དངོས་འཁྲབ་སྦྱོང་བྱས་ནས། མིག་སྔར་མི་བཞི་བརྒྱ་དང་བཞི་ལ་གཞུང་ལུགས་གསོ་སྦྱོང་སྤེལ་བ་དང་། ནད་ཐོག་སྨན་བཅོས་ལག་ལེན་དང་ལག་ལེན་གསོ་སྦྱོང་སྤེལ་བཞིན་ཡོད། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཀྲུང་ལུགས་དང་བོད་ལུགས་གསོ་རིག་སྨན་རྫས་ཀྱི་ཁྱད་ལྡན་དགེ་མཚན་གྱི་ནུས་པ་འདོན་སྤེལ་བྱས་ནས། གུང་ཧོ་རྫོང་ཀྲུང་ལུགས་གསོ་རིག་སྨན་ཁང་གིས་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་སྨན་བཅོས་བྱེད་པའི་ཀྲུང་ལུགས་སྨན་རྫས་སྨན་ཐོ་སྡེབ་སྦྱོང་བྱས་པ་དང་། རིམས་འགོག་སྨན་ཁུ་སྐོལ་ནས་ཞག་སྡོད་ནད་པ་དང་གདགས་གཤིབ་ཅན་གྱི་ནད་པར་རིན་པ་མ་བླངས་པར་གདུ་ཐང་འདོན་སྤྲོད་བྱས།