རྨ་སྟོད་རྫོང་གིས་བྱེད་ཐབས་སྣ་མང་སྤྱད་ནས་ཕྱུགས་ཀྱིས་དགུན་ཡག་པོར་སྐྱེལ་བར་འགན་སྲུང་བྱས།
2022.12.31 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 18

རྫོང་ཡོངས་ཀྱི་ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་གནོད་འགོག་གནོད་སེལ་དང་ཕྱུགས་ལས་འགན་སྲུང་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་དོན་འཁྱོལ་ནན་མོ་བྱེད་ཆེད། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་ཞིང་ཕྱུགས་དང་ཚན་རྩལ་ཅུའུ་ཡིས་རྫོང་ཡོངས་ཀྱི་ཕྱུགས་སྨན་ཆེད་ལས་མི་སྣ་དང་སྡེ་བ་རིམ་པའི་རིམས་འགོག་མི་སྣ་རྩ་འཛུགས་བྱས་ནས་ཟླ་བཅུ་གཅིག་པའི་ཚེས་བདུན་ཉིན་ནས་བཟུང་རྫོང་ཡོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ་སོ་སོ་རུ་དགུན་དུས་ཀྱི་རིམས་འགོག་ཞིབ་བཤེར་དང་ཕྱུགས་ཁང་དུག་སེལ་བྱེད་པའི་བྱ་བ་སྤེལ། རིམས་འགོག་ཞིབ་བཤེར་བརྒྱུད་སྲོག་ཆགས་ཀྱི་རིམས་ནད་འགོག་སྲུང་བྱེད་ཐབས་ཁག་དོན་འཁྱོལ་བྱས་པ་དང་། སྲོག་ཆགས་ཀྱི་རིམས་ནད་འགོག་ར་བརྟན་པོར་བཙུགས། འབྲོག་པ་མང་ཚོགས་ཀྱི་ཁེ་ཕན་དང་ཕྱུགས་ལས་བདེ་ཐང་ངང་འཕེལ་རྒྱས་སུ་འགྲོ་བར་འགན་སྲུང་བྱས་ལ། མིག་སྔའི་བར་རྫོང་ཡོངས་སུ་སྲོག་ཆགས་ཀྱི་རིམས་ནད་སྐོར་གྱི་དོན་རྐྱེན་ཆེན་པོ་བྱུང་མྱོང་མེད།

ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་གནོད་འགོག་གནོད་སེལ་དང་ཕྱུགས་ལས་འགན་སྲུང་བྱ་བ་བཟང་པོར་སྒྲུབ་ཆེད། རྨ་སྟོད་རྫོང་ཞིང་ཕྱུགས་དང་ཚན་རྩལ་ཅུའུ་ཡིས་དུས་དང་བསྟུན་ནས་རིམ་པ་གསུམ་པའི་མཉམ་འབྲེལ་རྐྱེན་སྲོལ་བཙུགས་ཏེ། རྫོང་རིམ་པའི་ཕྱུགས་སྨན་ཆེད་ལས་མི་སྣས་ཡུལ་ཚོ་དང་གྲོང་རྡལ་ལ་འགན་སྲུང་བྱེད་པ་དང་། ཡུལ་ཚོ་དང་གྲོང་རྡལ་གྱི་ཕྱུགས་སྨན་ཆེད་ལས་མི་སྣས་སྡེ་བར་འགན་སྲུང་བྱེད་པ། སྡེ་བ་རིམ་པའི་རིམས་འགོག་མི་སྣས་ཁྱིམ་ཚང་ལ་འགན་སྲུང་བྱས་ནས་མི་སྣ་ལས་གནས་སུ་ཐོན་པ་དང་འགན་འཁྲི་དང་བྱེད་ཐབས་མཐའ་འཁྱོལ་བྱས། རྫོང་དང་ཡུལ་ཚོ། སྡེ་བ་བཅས་རིམ་པ་གསུམ་གྱི་སྲོག་ཆགས་རིམས་འགོག་བྱ་བའི་ཚོགས་པ་བཙུགས་ནས་སྡེ་བ་རིམ་པའི་རིམས་འགོག་མི་སྣས་ཉིན་རྒྱུན་གྱི་སྐོར་ཞིབ་དང་བྱ་བའི་ཁྲོད་འཕྲད་པའི་གནད་དོན་སྐད་འཕྲིན་ཚོགས་པ་བརྒྱུད་ནས་དུས་ལྟར་ཡར་ཞུ་བྱས་ལ། རྫོང་དང་གྲོང་རྡལ་གྱི་ཆེད་ལས་མི་སྣས་སྐད་འཕྲིན་ཚོགས་པ་བརྒྱུད་ནས་འབྲེལ་ཡོད་གནད་དོན་ལ་གསེད་དཀྲོལ་བྱས།

ཡུལ་ཚོ་དང་གྲོང་རྡལ་གྱི་ཕྱུགས་སྨན་ས་ཚིགས་ཀྱིས་སྡེ་བ་རིམ་པའི་རིམས་འགོག་མི་སྣར་དུས་ལྟར་འབྲེལ་ཡོད་ཤེས་བྱ་གསོ་སྦྱོང་བྱས་ལ། དགུན་དུས་ཀྱི་རིམས་འགོག་སྐོར་ཞིབ་དང་ཕྱུགས་ཁང་དུག་སེལ་བྱ་བ་སྤེལ་བའི་ཚུན་དུ་ལས་བྱེད་མི་སྣས་མང་ཚོགས་ལ་དུས་རྒྱུན་མཐོང་བའི་ཕྱུགས་ཀྱི་རིམས་ནད་ཀྱི་རིགས་དང་ནད་རྟགས། སྲོག་ཆགས་ཀྱི་དོན་རྐྱེན་ཆེན་པོ་འབྱུང་བར་ཇི་ལྟར་སྔོན་འགོག་བྱེད་པ་སོགས་ཀྱི་འབྲེལ་ཡོད་ཤེས་བྱ་གསལ་བཤད་བྱེད་པ་དང་། སྲོག་ཆགས་ཀྱི་རིམས་ནད་བྱུང་བའི་དུས་སུ་ཇི་ལྟར་ཚན་རིག་དང་མཐུན་ཞིང་མགྱོགས་མྱུར་སྒོས་ཐག་གཅོད་བྱེད་པ་སོགས་ཀྱི་ཐག་གཅོད་བྱེད་ཐབས་འདོན་སྤྲོད་བྱས། ཐེངས་འདིར་ཁྱིམ་ཚང་དུ་སོང་ནས་དྲིལ་སྒྲོག་བྱེད་སྐབས་ཁྱོན་སྡོམ་དྲིལ་སྒྲོག་ཡིག་ཆ་ཉིས་བརྒྱ་སུམ་ཅུ་ལྷག་བཀྲམས་པ་དང་མང་ཚོགས་ལྔ་བརྒྱ་བརྒྱད་ཅུ་ལྷག་གིས་ཁེ་ཕན་ལོངས་སུ་སྤྱད།

མི་ཕམ་མགོན་པོས་བསྒྱུར།