མཚོ་སྔོན་རྨ་སྟོད་རྫོང་གིས་སྨན་བཅོས་ཐོན་ཁུངས་གྲ་སྒྲིག་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱས།
2023.01.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 20

ཉིས་སྟོང་ཉེར་གཉིས་ལོའི་ཟླ་བཅུ་གཉིས་པའི་ཚེས་ཉེར་ལྔ་ཉིན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་གི་འཕྲོད་བསྟེན་བདེ་ཐང་ཅུའུ་ཡིས་འཕྲོད་བསྟེན་བདེ་ཐང་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་རུ་ཆེན་དང་སྨན་བཅོས་ཐུན་མོང་ཚོགས་པའི་འབྲེལ་ཡོད་མི་སྣ་རྩ་འཛུགས་བྱས་ཏེ། རྒྱལ་ཁབ་དང་ཞིང་ཆེན། ཁུལ་དང་རྫོང་གི་འབྲེལ་ཡོད་རིམས་འགོག་བླང་བྱ་ལྟར། སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱི་འཁོར་སྐྱོད་གནས་ཚུལ་དང་། རྒན་པར་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་ཁབ་རྒྱག་པ་དང་སྨན་རྫས། སྒྲིག་ཆས་སོགས་ཀྱི་གྲ་སྒྲིག་གནས་ཚུལ་དང་བདེ་འཇགས་ཐོན་སྐྱེད་སོགས་ཕྱོགས་ལ་ལྟ་སྐུལ་ཞིབ་བཤེར་ནན་མོ་བྱས།

རིམས་འགོག་སྲིད་ཇུས་ལེགས་སྒྱུར་དང་བཅོས་སྒྲིག་བྱས་པ་དང་བསྟུན་ནས་རྒྱ་ཆེའི་མང་ཚོགས་ཀྱི་དྲོས་ཕུད་པ་དང་ན་ཟུག་འཇོག་བྱེད་རིགས་ཀྱི་སྨན་རྫས་དགོས་མཁོ་ཇེ་ཆེར་སོང་བ་དང་། མང་ཚོགས་ཀྱིས་སྨན་བཀོལ་སྤྱོད་བྱེད་པའི་དགོས་མཁོ་བསྐང་བར་འགན་སྲུང་བྱེད་ཆེད་རྨ་སྟོད་རྫོང་གི་སྨན་བཅོས་འཕྲོད་བསྟེན་སྡེ་ཁག་གིས་སྨན་བཅོས་ལས་ཁུངས་སོ་སོས་སྨན་རྫས་ཉོ་བསྡུའི་བརྒྱུད་ལམ་རྒྱ་བསྐྱེད་དགོས་པའི་བླང་བྱ་བཏོན་ནས་མང་ཚོགས་ཀྱིས་ནད་སྟོན་ཐུབ་ཅིང་སྨན་ལག་ཟོན་ཡོང་བར་འགན་སྲུང་བྱས། ལོ་ཚད་མི་འདྲ་བའི་མི་ཚོགས་དང་ལྷག་པར་རྒན་པས་རིམས་འགོག་སྨན་ཁབ་མྱུར་མོར་རྒྱབ་ནས་རྫོང་ནང་ཁུལ་གྱི་མང་ཚོགས་ཀྱི་རིམས་འགོག་སྨན་ཁབ་རྒྱབ་ཚད་དམིགས་འབེན་གྲངས་འབོར་དུ་སླེབས་པར་བྱས་ནས་དམངས་ཡོངས་ཀྱི་རིམས་འགོག་ལྕགས་རི་བརྟན་པོར་སྐྲུན་དགོས། སྨན་ཁང་གིས་གཅིག་གཉིས་ཐིག་གི་མྱུར་སྐྱོབ་ཁ་པར་དུས་ཚོད་ཉེར་བཞིའི་རིང་སྣེ་ལེན་བྱས་ནས་མྱུར་སྐྱོབ་དང་སྲོག་ཉེན་ཆེ་བ། ནད་གཞི་ལྕི་མོའི་རིགས་ཀྱི་ནད་པར་དུས་ཐོག་ཏུ་སྨན་བཅོས་བྱེད་ཐུབ་པར་བྱེད་དགོས་ལ། ནད་པར་སྨན་བཅོས་བྱེད་པར་ཁ་གཡར་ས་གང་ཡང་བཙལ་མི་ཆོག ལས་ཁུངས་སོ་སོའི་མགོ་ཁྲིད་ཀྱིས་སྔོན་ལ་སྣེ་ཁྲིད་ནས་ལས་ཁུངས་ཀྱི་རིམས་འགོག་དང་སྨན་བཅོས། སྐྱོབ་བཅོས། རིམས་འགོག་སྨན་ཁབ་རྒྱག་པར་ལྟ་སྐུལ་མཛུབ་སྟོན་བྱས་ནས་གཙོ་གནད་བྱ་བ་དོན་ཐོག་འཁྱོལ་བར་སྐུལ་འདེད་གཏོང་དགོས།

ཐེངས་འདིའི་ལྟ་སྐུལ་མཛུབ་སྟོན་བརྒྱུད་རྨ་སྟོད་རྫོང་གིས་འབྲེལ་ཡོད་སྡེ་ཁག་གིས་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་སོ་སོར་སྨན་བཅོས་ཐོན་ཁུངས་གྲ་སྒྲིག་དང་རྒན་པས་རིམས་འགོག་སྨན་ཁབ་རྒྱབ་པའི་གནས་ཚུལ་ལ་རྒྱུས་མངའ་གསལ་བོ་ཡོད་དགོས་པའི་བླང་བྱ་བཏོན་པ་དང་། ལས་ཁུངས་སོ་སོས་མི་འདང་ཁ་གསབ་དང་། འབུར་ཐོན་དང་ཉམས་ཞན་ས་མཛུབ་སྟོན་རང་བཞིན་གྱི་རེ་བ་བཏོན་ལ། སྨན་བཅོས་འཕྲོད་བསྟེན་གྱི་ཞབས་ཞུའི་ཆུ་ཚད་མཐོར་འདེགས་གཏོང་བ་རྒྱུན་འཁྱོངས་དང་། ཐོལ་བྱུང་གི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ཆེན་པོའི་ཁྲོད་ཀྱི་ནུས་པ་དང་ཆུ་ཚད་མཐོར་འདེགས་བཏང་ནས་དོན་དངོས་ཀྱི་རིམས་ནད་འགོག་སྡོམ་དང་དཔལ་འབྱོར་བརྟན་འཇགས་ཡོང་བ། འཕེལ་རྒྱས་བདེ་ལེགས་ཡིན་པའི་དམིགས་འབེན་མངོན་འགྱུར་བྱས།

མི་ཕམ་མགོན་པོས་བསྒྱུར།