དུས་ཆེན་གཉིས་སྐབས་ཀྱི་ཚོང་རའི་རིན་གོང་སྒྲིག་ལམ་སྔར་ལས་ཚད་ལྡན་དུ་བསྒྱུར་ཆེད། ཉེ་ལམ། མཚོ་སྔོན་ཞིང་ཆེན་ཚོང་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས་ཉིས་སྟོང་ཉེར་གསུམ་ལོའི་ལུགས་གསར་ལོ་སར་དང་ལུགས་རྙིང་ལོ་སར་སྐབས་ཀྱི་ཞིང་ཆེན་ཡོངས་ཀྱི་ཚོང་རའི་རིན་གོང་ལྟ་སྐུལ་ཞིབ་བཤེར་དང་རིམས་འགོག་སྨན་རྫས་ཡོ་བྱད་ཀྱི་སྤུས་ཚད་བདེ་འཇགས་ཆེད་དོན་འགུལ་སྐྱོད་ཕྱོགས་ཡོངས་ནས་སྤེལ་ཏེ། སྟོབས་ཤུགས་ཡོད་རྒུས་དུས་ཆེན་གྱི་ཚོང་རའི་རིན་གོང་སྒྲིག་ལམ་ལ་སྲུང་སྐྱོང་བྱས་པ་དང་། རིམས་ནད་དང་འབྲེལ་བའི་སྨན་རྫས་ཡོ་བྱད་ཀྱི་སྤུས་ཚད་བདེ་འཇགས་ལ་འགན་སྲུང་བྱས།
ཞིང་ཆེན་ཚོང་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས་རིམས་འབྲེལ་དངོས་ཟོག་ཚོང་རའི་རིན་གོང་ལྟ་སྐུལ་དོ་དམ་བྱ་བར་སྔར་ལས་ཤུགས་སྣོན་པའི་སྐོར་གྱི་བྲེལ་མྱུར་བརྡ་སྦྱོར་དང་ཉིས་སྟོང་ཉེར་གསུམ་ལོའི་ལུགས་གསར་ལོ་སར་དང་ལུགས་རྙིང་ལོ་སར་སྐབས་ཀྱི་ཚོང་རའི་རིན་གོང་ལྟ་སྐུལ་ཞིབ་བཤེར་ཆེད་དོན་འགུལ་སྐྱོད་སྤེལ་བའི་སྐོར་གྱི་བརྡ་སྦྱོར་འགྲེམ་སྤེལ་བྱས་ནས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཚོང་རའི་ལྟ་སྐུལ་དོ་དམ་སྡེ་ཁག་གིས་གཙོ་བོར་དུས་ཆེན་གཉིས་སྐབས་ཀྱི་ཚོང་རའི་ཉོ་འཚོང་ལ་སྐུལ་འདེད་གཏོང་བའི་ཁྲོད་རིན་གོང་རྫུན་བཟོ་དང་དངོས་གོང་གཏན་ཁེལ་གསལ་བོ་བྱས་མེད་པ། རིན་འགོད་རྫུན་མ་བྱེད་པ། རིན་གོང་ཐད་ཀྱི་ཟུར་སྣོན་ཆ་རྐྱེན་གསང་བ། རིན་གོང་ཐད་ཀྱི་དམ་བཅའ་ལག་བསྟར་མི་བྱེད་པ་སོགས་ཀྱི་རིན་གོང་ལྐོག་སླུད་བྱ་སྤྱོད་ལ་དོ་སྣང་བྱས། མངའ་ཁོངས་ས་ཁུལ་གྱི་སྨན་རྫས་ཚོང་ཁང་དང་དྲ་རྒྱའི་སྟེགས་བུ་སོགས་ཚོང་གཉེར་གཙོ་གཞི་ལ་དྲ་འཐེན་རང་བཞིན་གྱི་ལྟ་སྐུལ་ཞིབ་བཤེར་བྱེད་པ་དང་། ཚོང་རའི་ཚོང་གཉེར་སྡེ་ཁག་གིས་གཙོ་གཞི་འགན་འཁྲི་ལག་བསྟར་ནན་མོ་བྱས་ཏེ། གློ་ལུ་རྒྱག་པ་དང་ཚ་རྒྱས་པ། ནད་དུག་འགོག་པ། ཆམ་པ་སོགས་ཀྱི་སྨན་བཅོས་སྨན་རྫས་ཚོང་འདྲེན་ལམ་བུའི་འགག་སྒོ་དང་ཉར་གསོག་གསོ་སྐྱོང་འགག་སྒོ སྨན་རྫས་གསོ་རིག་ཞབས་ཞུའི་འགག་སྒོ སྐྱེལ་འདྲེན་ཁུངས་འཚོལ་འགག་སྒོ་བཅས་བརྟན་སྲུང་བྱེད་དགོས། གདོད་འགོག་བཤེར་འཇལ་དང་ལེན་ཧྭ་ཆིན་ཝུན། པན་ལན་ཀུན། ཁ་ཐུམ་སོགས་རིམས་འབྲེལ་དངོས་ཟོག་གི་སྤུས་ཚད་བདེ་འཇགས་དང་རིན་གོང་ཁྲིམས་འགལ་གྱོད་གཞི་ལ་རྩད་གཅོད་ནན་མོ་བྱེད་དགོས་པའི་རེ་བ་བཏོན།
ཞིང་ཆེན་ཚོང་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས་ད་དུང་ཉིས་སྟོང་ཉེར་གསུམ་ལོའི་ལུགས་གསར་ལོ་སར་དང་ལུགས་རྙིང་ལོ་སར་སྐབས་ཀྱི་ཚོང་རའི་རིན་གོང་བྱ་སྤྱོད་ཚད་ལྡན་དུ་གཏོང་བའི་སྐོར་གྱི་གསལ་འདེབས་ཡི་གེ་ཁྱབ་བསྒྲགས་བྱས་ནས། འདྲ་མཉམ་དང་དྲང་གཞག ཁྲིམས་མཐུན། བློ་དཀར་ཡིད་རྟོན་གྱི་རྩ་དོན་གཞིར་འཛིན་པ་དང་། རང་བདག་སྒོས་རིན་གོང་གཏན་ཁེལ་བྱེད་པའི་དབང་ཆ་བཀོལ་སྤྱོད་བཟང་བོ་བྱེད་པ། མ་རྩ་མངོན་གསལ་སྒོས་འཕར་སྣོན་མ་བྱས་པའི་སྐབས་སུ་ཚོང་རྫས་ཀྱི་རིན་གོང་མཐོར་འདེགས་གཏོང་མི་རུང་བ་དང་། ཡང་ན་མ་རྩ་འཕར་སྣོན་བྱུང་ན་ཡང་ཚོང་རའི་རིན་གོང་འཕར་སྣོན་བྱེད་ཚད་མངོན་གསལ་སྒོས་མ་རྩ་འཕར་སྣོན་བྱེད་ཚད་ལས་མཐོ་བ། རིམས་ནད་འགོག་སྡོམ་བྱེད་པར་ཁ་གཡར་ནས་རིན་གོང་འཕར་སྣོན་ཆ་འཕྲིན་སྒྲོག་མི་རུང་བ་དང་རིན་གོང་ཇེ་མཐོར་མི་གཏོང་བར། ཁྲིམས་དང་མཐུན་པའི་སྒོ་ནས་ཚད་ལྡན་ཚོང་གཉེར་བྱེད་པ་དང་། རང་རྟོགས་སྒོས་སྨན་བཅོས་ཉེར་སྤྱོད་ཐོན་རྫས་ཀྱི་ཚོང་རའི་རིན་གོང་སྒྲིག་ལམ་ལ་སྲུང་སྐྱོང་བྱེད་དགོས་པའི་རེ་བ་བཏོན།
སྨན་བཅོས་ལས་རིགས་མཐུན་ཚོགས་ཀྱིས་འབྲེལ་ཡོད་ལས་རིགས་ཀྱིས་སྤྱི་ཚོགས་འགན་འཁྲི་ལག་བསྟར་བྱེད་པར་མཛུབ་སྟོན་བྱེད་པ་དང་། སྨན་རྫས་མཁོ་འཚོང་ལམ་བུའི་དགེ་མཚན་འདོན་སྤེལ་བྱེད་པ། ཚོང་རྫས་ཀྱི་འགོ་ཁུངས་རྩ་འཛུགས་བྱེད་པ། སྤུས་ཚད་ཀྱི་དོ་དམ་ལ་ཤུགས་སྣོན་པ། སྟོབས་ཤུགས་ཡོད་རྒུས་སྨན་རྫས་དང་འབྲེལ་ཡོད་རིམས་འགོག་དངོས་ཟོག་གི་མཁོ་འདོན་ལ་འགན་སྲུང་བྱས་ནས། སྨན་རྫས་དང་འབྲེལ་ཡོད་རིམས་འགོག་དངོས་ཟོག་གི་སྤུས་ཚད་བདེ་འཇགས་ལ་ཁག་ཐེག་བྱེད་དགོས། བདེ་འཇགས་ལུགས་མཐུན་སྒོས་སྨན་རྫས་སྤྱོད་པར་སྐུལ་འདེད་གཏོང་བ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་རིམས་འགོག་དང་བདེ་འཇགས་ལུགས་མཐུན་སྨན་བཀོལ་དྲིལ་སྒྲོག་ལ་ཤུགས་སྣོན་པ། སྨན་པའི་ཁ་ཏ་དང་སྨན་ཐོ་དང་ཡང་ན་གསལ་བཤད་ཡི་གེ་ལྟར་སྨན་རྫས་ཉོ་སྒྲུབ་བཀོལ་སྤྱོད་བྱས་ཏེ། འཛད་སྤྱོད་པས་རང་ཚོད་སྒོས་སྨན་རྫས་ཉོ་སྒྲུབ་བྱེད་པར་སྣེ་ཁྲིད་བྱེད་རྒྱུའི་རེ་བ་བཏོན།