ལུགས་གསར་ལོ་སར་སྐབས་སུ། ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་། འཕྲལ་བསྟུན་དོ་དམ་པུའུ་བཅས་ཀྱི་བྱ་བའི་རེ་བ་ལག་བསྟར་ནན་མོ་བྱས་པ་དང་། འགོ་ཁྲིད་ལས་བྱེད་པས་ལས་རྐང་བརྟན་སྲུང་བྱེད་པ་དང་དུས་ཚོད་ཉེར་བཞིའི་ལས་རེས་ལས་སྲུང་ལམ་ལུགས་དོན་འཁྱོལ་ནན་མོ་བྱས་ལ། སྟོབས་ཤུགས་ཡོད་རྒུས་བདེ་འཇགས་ཉེན་ཁ་འགོག་སྲུང་དང་ཐག་གཅོད་བྱས་ཏེ། ཟླ་དང་པོའི་ཚེས་གཉིས་ཉིན་གྱི་ཕྱི་དྲོའི་དུས་ཚོད་བཞིའི་བར་དུ། ཅུང་ཆེ་བ་དང་དེའི་ཡན་གྱི་ཐོན་སྐྱེད་བདེ་འཇགས་དོན་རྐྱེན་དང་རང་བྱུང་གནོད་འཚེ་མ་བྱུང་བ་དང་། གནས་བབ་སྤྱིའི་ཆ་ནས་ཧ་ཅང་བརྟན་བརླིང་རེད།
དུས་ཆེན་གྱི་སྔོན་དུ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་འཕྲོ་རིམ་འཕྲོར་ཞིང་ཆེན་ཏང་ཨུའི་རྒྱུན་ལས་གྲོས་ཚོགས་དང་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་བཅས་བསྡུས་ནས། ལུགས་གསར་ལོ་སར་དང་ལུགས་རྙིང་ལོ་སར་སྐབས་ཀྱི་བདེ་འཇགས་འགོག་སྲུང་བྱ་བའི་ཐད་རེ་བ་གསལ་བོ་བཏོན། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་མྱུར་དུ་འགུལ་སྐྱོད་བྱས་པ་དང་། ཁ་གཏད་རང་བཞིན་གྱི་འགོག་སྲུང་བྱེད་ཐབས་གཏན་འབེབས་བྱས་ལ། ཉེན་ཁར་གྲལ་བཤེར་དང་བཅོས་སྐྱོང་ཟབ་མོ་བྱས་ནས། མི་དམངས་མང་ཚོགས་ཀྱིས་སྤྲོ་སྐྱོད་ལྡན་པའི་དུས་ཆེན་ཞིག་རོལ་བའི་ཐད་བདེ་འཇགས་བརྟན་འཇགས་ཀྱི་ཁོར་ཡུག་བསྐྲུན།
དུས་ཆེན་སྐབས་སུ། ཞིང་ཆེན་འཕྲལ་བསྟུན་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གིས་བརྙན་རིས་བཀོད་གཏོང་གྲོས་ཚོགས་བསྡུས་ནས། གཙོ་གནད་ས་ཁུལ་གྱི་བྱ་བའི་གནས་ཚུལ་ལ་ཉན་པ་དང་། གནས་བབ་ལ་དབྱེ་ཞིབ་བྱས་ཤིང་། བདེ་འཇགས་འགོག་སྲུང་བྱ་བར་རྗེས་འདེད་བཀོད་སྒྲིག་བྱས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་གཏེར་རི་དང་ཉེན་ཁ་ཆེ་བའི་དངོས་རྫས། སོལ་རླངས། འགྲིམ་འགྲུལ་སྐྱེལ་འདྲེན། གྲོང་ཁྱེར་འཁོར་རྒྱུག དམིགས་བསལ་སྒྲིག་ཆས། མེ་འགོག་མེ་གསོད། ནགས་ཚལ་རྩྭ་སའི་མེ་འགོག་མེ་གསོད་སོགས་གཙོ་གནད་ཁྱབ་ཁོངས་དང་སྨན་ཁང་། རྒན་གསོ་ཁང་། བྱིས་པའི་ཕན་བདེ་གླིང་། གནས་སྐོར་ལྗོངས་རྒྱུ་ས་ཆ། བཟོ་གཏེར་ཚོང་ལས་ཁེ་ལས། བགྲོད་ལམ་འགྲིམ་འགྲུལ། མི་སྣ་འདུ་རུབ་བྱེད་ས། ནགས་ཁུལ་རྩྭ་ས་སོགས་གཙོ་གནད་ས་ཆ་འབུར་དུ་ཐོན་པར་བྱས་པ་དང་། བྱ་བའི་ཇུས་གཞི་ཇེ་དྲག་ཏུ་གཏོང་བ་དང་མི་སྣའི་སྟོབས་ཤུགས་སྔོན་བཀོད་བྱེད་པ། སྐོར་ཞིབ་ཞིབ་བཤེར་ལ་ཤུགས་སྣོན་པ། འགོག་སྲུང་བྱེད་ཐབས་ལག་བསྟར་བྱེད་པ་བཅས་བྱས་ནས། སྟོབས་ཤུགས་ཡོད་རྒུས་བརྟན་འཇགས་གནས་བབ་ལ་སྲུང་སྐྱོང་བྱས། ཞིང་ཆེན་ཡོངས་ཀྱི་འཕྲལ་བསྟུན་དོ་དམ་སྡེ་ཁག་གིས་ལས་རྐང་བརྟན་སྲུང་བྱས་པ་དང་། དུས་ཐོག་ཏུ་འཕྲལ་བསྟུན་རྣམ་པ་རྒྱུན་འཁྱོས་བྱས་ལ། ཁེ་ལས་སྡེ་ཁག་བདུན་བརྒྱ་དང་ལྔ་ལ་ཞིབ་བཤེར་བྱས་ཏེ། སྟོབས་ཤུགས་ཡོད་རྒུས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱས། རྒྱལ་ཁབ་ཕྱོགས་བསྡུས་རང་བཞིན་གྱི་མེ་འགོག་མེ་གསོད་མྱུར་སྐྱོབ་དཔུང་སྡེ་ཡིས་བསྡོམས་པས་མེ་འགོག་མེ་གསོད་མྱུར་སྐྱོབ་མི་སྣ་ཉིས་བརྒྱ་དང་གོ་ལྔ་དང་རླངས་འཁོར་རེ་བཞི་བཀོད་སྒྲིག་བྱས་ནས། གྱོད་དོན་ཉེར་ལྔ་ཐག་བཅད། སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་བསྡོམས་པས་ཉེན་རྟོག་པ་སྟོང་གཉིས་ལྷག་དང་རླངས་འཁོར་བཞི་བརྒྱ་དང་རེ་བདུན་བཀོད་སྒྲིག་བྱས་ནས། ལམ་ཕྱོགས་སྐོར་ཞིབ་དོ་དམ་ཚོད་འཛིན་ལ་ཤུགས་བསྣན་པ་དང་། བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་གནས་བབ་བརྟན་བརླིང་ཡོང་བར་ཁག་ཐེག་བྱས། ནགས་རྩྭ་སྡེ་ཁག་གིས་ནགས་སྲུང་མེ་འགོག་ལས་རེས་དང་སྐོར་ཞིབ་ལ་ཤུགས་བསྣན་པ་དང་། དུས་ཐོག་ཏུ་རི་ལ་འགོས་པ་དང་ནགས་ཚལ་དུ་འགྲོ་བའི་མི་སྣ་དང་རླངས་འཁོར་བཀག་འགོག་བྱས་ཏེ། སྟོབས་ཤུགས་ཡོད་རྒུས་ནགས་ཚལ་རྩྭ་སའི་མེ་སྐྱོན་ལ་འགོག་སྲུང་བྱས། ས་འགུལ་སྡེ་ཁག་གིས་ས་འགུལ་ལྟ་ཞིབ་ལ་ཤུགས་བསྣན་པ་དང་། ས་འགུལ་གྱི་ལྟ་ཞིབ་རྗེས་འདེད་དང་དབྱེ་ཞིབ་བརྡར་གཅོད་བྱ་བ་ནན་ཏན་སྒོས་བསྒྲུབས། གནམ་གཤིས་སྡེ་ཁག་གིས་ནམ་ཟླའི་འགྱུར་ལྡོག་ལ་དོ་སྣང་ཆེན་པོ་བྱས་པ་དང་། དུས་ཐོག་ཏུ་སྔོན་བརྡའི་ཆ་འཕྲིན་ཁྱབ་བསྒྲགས་བྱས།