ཟླ་དང་པོའི་ཚེས་ལྔ་ཉིན། གསར་འགོད་པས་ཞིང་ཆེན་ཁྲིམས་འཛིན་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉིས་སྟོང་ཉེར་གཉིས་ལོར། རང་ཞིང་གི་རིམ་པ་སོ་སོའི་བཅའ་ཁྲིམས་རོགས་སྐྱོར་སྒྲིག་གཞིས་བསྡོམས་པས་རིགས་སོ་སོའི་བཅའ་ཁྲིམས་རོགས་སྐྱོར་གྱོད་གཞི་སྟོང་བདུན་དང་དགུ་བརྒྱ་བསྒྲུབས་པ་དང་། དེའི་ནང་དུ་ཞིང་བ་ཞོར་ལས་བར་འབྲེལ་བ་ཡོད་པའི་བཅའ་ཁྲིམས་རོགས་སྐྱོར་གྱོད་གཞི་སྟོང་གཉིས་དང་བརྒྱ་དང་གྱ་བརྒྱད་ཡོད་ལ། དེས་ཞིང་ཆེན་ཡོངས་ཀྱི་བཅའ་ཁྲིམས་རོགས་སྐྱོར་གྱི་སྤྱིའི་གྱོད་གཞིའི་བརྒྱ་ཆའི་ཉེར་བདུན་དང་གྲངས་ཆུང་བདུན་ཟིན། ཞིང་བ་ཞོར་ལས་བར་བཅའ་ཁྲིམས་རོགས་སྐྱོར་བྱེད་པའི་གྱོད་གཞི་སྟོང་གཅིག་དང་བདུན་བརྒྱ་རེ་གཉིས་ཐག་བཅད་པ་དང་དེས་ཞིང་བ་ཞོར་ལས་བའི་བཅའ་ཁྲིམས་རོགས་སྐྱོར་གྱོད་གཞིའི་སྤྱི་གྲངས་ཀྱི་བརྒྱ་ཆའི་གྱ་གཅིག་ཟིན་ལ། ཞིང་བ་ཞོར་ལས་བ་མི་ཐེངས་ཁྲི་གཉིས་དང་སྟོང་བརྒྱད་ལ་བཅའ་ཁྲིམས་བློ་འདྲི་འདོན་སྤྲོད་བྱས་ནས། ངལ་རྩོལ་གླ་ཕོགས་སྒོར་བྱེ་བ་བཞི་ཙམ་ཕྱིར་བླངས།
ཞིང་བ་ཞོར་ལས་བའི་བཅའ་ཁྲིམས་རོགས་སྐྱོར་བྱ་བ་དེ་ནམ་ཡང་རང་ཞིང་གི་བཅའ་ཁྲིམས་རོགས་སྐྱོར་བྱ་བའི་ནང་དོན་གལ་ཆེན་ཞིག་ཡིན། ཉིས་སྟོང་ཉེར་གསུམ་ལོའི་ལུགས་རྙིང་ལོ་སར་ཐོན་ལ་ཡོད་པས། ཞིང་བ་ཞོར་ལས་བའི་ངལ་རྩོལ་གླ་ཕོགས་ཕྱིར་ལེན་པ་ནི་དེང་སྐབས་བཅའ་ཁྲིམས་རོགས་སྐྱོར་བྱ་བའི་ནང་དོན་གཙོ་བོ་ཡིན། རང་ཞིང་གི་རིམ་པ་སོ་སོའི་བཅའ་ཁྲིམས་རོགས་སྐྱོར་སྒྲིག་གཞིས་ཧུར་ཐག་སྒོས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡི་ཉིས་སྟོང་ཉེར་གསུམ་ལོའི་ལོ་སར་སྐབས་སུ་ཞིང་བ་ཞོར་ལས་བར་དྲོད་ཁོལ་སྐྱེལ་བའི་ཞབས་ཞུའི་འགུལ་སྐྱོད་སྤེལ་ཏེ། ཞིང་བ་ཞོར་ལས་བའི་དཀའ་གནད་སེལ་བའི་བཅའ་ཁྲིམས་གནད་དོན་ཁྲིད་ཕྱོགས་སུ་འཛིན་པ་དང་། བྱེད་ཐབས་སྣ་ཚོགས་སྤྱོད་པ། དངོས་གཉེར་བྱ་བ་སྒྲུབ་ནས་ཕན་འབྲས་ཐོབ་པར་བྱེད་པ། བཅའ་ཁྲིམས་རོགས་སྐྱོར་ཞབས་ཞུའི་ནུས་པ་ཕྱོགས་ཡོངས་ནས་མཐོར་འདེགས་སུ་བཏང་ནས། རྒྱ་ཆེའི་ཞིང་བ་ཞོར་ལས་བར་དགའ་སྤྲོའི་ངང་ལོ་སྐྱིད་པོ་ཞིག་རོལ་ཏུ་འཇུག་རྒྱུ་རེད།
བཀྲ་ཤིས་འབུམ་གྱིས་བསྒྱུར།