ཉེ་ལམ། གསར་འགོད་པས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དམངས་སྲིད་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སྔར་ལས་ལྷག་པའི་སྒོ་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་ཁུལ་ཡོངས་ཀྱི་ནར་མ་སོན་པའི་མི་སྲུང་སྐྱོབ་བྱ་བར་ཤུགས་སྣོན་པ། སྲིད་གཞུང་དང་ཁྱིམ་ཚང་། སློབ་གྲྭ། སྤྱི་ཚོགས། ཁྲིམས་འཛིན། དྲ་རྒྱའི་སྲུང་སྐྱོབ་བཅས་ཕྱོགས་དྲུག་གཞི་གཅིག་གི་ནར་མ་སོན་པའི་མི་སྲུང་སྐྱོབ་བྱ་བའི་གནས་སྟངས་བསྐྲུན་ཆེད། མཚོ་ནུབ་ཁུལ་ནར་མ་སོན་པའི་མི་སྲུང་སྐྱོབ་བྱ་བའི་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གིས་བརྟག་དཔྱད་གཏིང་ཟབ་དང་དབྱེ་ཞིབ་བརྡར་གཅོད། དོན་དངོས་དང་ཟུང་འབྲེལ་བཅས་བྱས་ཏེ་མཚོ་ནུབ་ཁུལ་གྱི་ནར་མ་སོན་པའི་མི་སྲུང་སྐྱོབ་བྱ་བར་ཤུགས་སྣོན་པའི་བྱེད་ཐབས་བདུན་པར་འགྲེམ་བྱས།
བྱེད་ཐབས་ཀྱིས་ནར་མ་སོན་པའི་མིས་ནག་ཉེས་བཟོ་བར་སྔོན་འགོག་བྱེད་པ་དང་། དྲིལ་སྒྲོག་སློབ་གསོ་དང་ཁྱིམ་ཚང་ལྟ་སྐྱོང་། འཚོ་བའི་འགན་སྲུང་། གློག་འཕྲིན་བརྒྱུད་དེ་ནར་མ་སོན་མིར་མགོ་སྐོར་གཏོང་བ་སྔོན་འགོག་བྱེད་པ། དྲ་རྒྱའི་བདེ་འཇགས། སློབ་གླིང་གི་བདེ་འཇགས་སོགས་ཕྱོགས་ལ་དམིགས་ནས་མཚོ་ནུབ་ཁུལ་གྱི་ནར་མ་སོན་པའི་མི་སྲུང་སྐྱོབ་བྱ་བའི་བྱེད་ཐབས་ཇེ་ཞིབ་ཏུ་བཏང་བ་དང་། སྲུང་སྐྱོབ་བྱེད་ཐབས་བདུན་དང་ཞིབ་ཕྲའི་བླང་བྱ་གསལ་བོར་བཏོན་ཡོད་དེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ནར་མ་སོན་པའི་མི་སྲུང་སྐྱོབ་བྱ་བའི་ཐད་ཀྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་དང་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ནར་མ་སོན་པའི་མི་སྲུང་སྐྱོབ་བྱ་བར་ཚད་མཐོའི་མཐོང་ཆེན་བྱས་ཏེ་ནར་མ་སོན་པའི་མི་སྲུང་སྐྱོབ་བྱ་བའི་འགོག་ར་བརྟན་པོར་འཛུགས་པ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནར་མ་སོན་པའི་མི་སྲུང་སྐྱོབ་བཅའ་ཁྲིམས་སོགས་བཅའ་ཁྲིམས་ཁྲིམས་སྲོལ་ལག་བསྟར་ནན་མོ་བྱེད་པ་དང་དེ་དྲིལ་སྒྲོག་ཤུགས་ཚད་ཆེ་རུ་བཏང་སྟེ་བཅའ་ཁྲིམས་ཁྱབ་གདལ་བྱ་བའི་གོ་ཆོད་ཡུན་ཚད་དང་ཁྱབ་གདལ་བྱེད་ཚད། ཤེས་རྟོགས་བྱེད་ཚད་བཅས་མཐོར་འདེགས་སུ་གཏོང་བ། ཁྱིམ་ཚང་གི་ལྟ་སྐྱོང་འགན་འཁྲི་གཙོ་བོ་སྲ་བརྟན་དང་དེར་ཤུགས་སྣོན་པ་དང་ཁྱིམ་ཚང་གི་རྒྱབ་སྐྱོར་དང་མཛུབ་སྟོན་ལ་ཤུགས་བསྣན་ཏེ་ནར་མ་སོན་པའི་མི་སྲུང་སྐྱོབ་བྱ་བར་ཤུགས་སྣོན་པ། དྲ་རྒྱའི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཡུན་ཕན་ནང་རྐྱེན་འཛུགས་པ་དང་ཁྲིམས་འགལ་ནག་ཉེས་བྱ་འགུལ་གྱི་རྡུང་རྡེག་ཤུགས་ཚད་ཆེ་རུ་བཏང་སྟེ་དྲ་རྒྱའི་བདེ་འཇགས་ཀྱི་འགོག་ར་འཛུགས་པ། སློབ་གྲྭ་དང་སློབ་གྲྭའི་མཐའ་འཁོར་གྱི་བདེ་འཇགས་ཁོར་ཡུག་གི་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན་པ་དང་སློབ་མའི་བརྙས་བཅོས་སྙན་ཞུའི་ལམ་ལུགས་འཛུགས་པ་དང་འཐུས་ཚང་གཏོང་བ། སྲུང་སྐྱོབ་བྱེད་ཐབས་སོ་སོ་དོན་འཁྱོལ་བྱས་ཏེ་འགོག་སྲུང་དྲ་རྒྱ་བརྟན་པོར་འཛུགས་པ། མནར་གཅོད་དང་བརྙས་བཅོས། བཙན་སྐུལ་སོགས་ཀྱི་ཁྲིམས་འགན་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་གཏོང་བ་བཅས་བྱས་ཏེ་ནར་མ་སོན་པའི་མིར་སྲུང་སྐྱོབ་བཟང་བོ་བྱེད་དགོས།
ལྷ་མོ་ཚེ་རིང་གིས་བསྒྱུར།