ཟི་ལིང་གྲོང་ཁྱེར་གྱིས་མཁར་གྲོང་གི་དཀའ་ཁག་ཆེ་བའི་མང་ཚོགས་ཁྲི་བཞི་ལྷག་ལ་སྟེར་ཐེངས་གཅིག་གི་འཚོ་བའི་ཁ་གསབ་རོགས་དངུལ་སྒོར་བྱེ་བ་གཅིག་ལྷག་བྱིན། 
2023.01.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 13

གསར་འགོད་པའི་ཉེ་སྔོན་ཟི་ལིང་གྲོང་ཁྱེར་དམངས་སྲིད་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཤུགས་ཆེན་པོས་དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་སྲུང་བྱེད་ཆེད། ཟི་ལིང་གྲོང་ཁྱེར་གྱིས་མཁར་གྲོང་གི་དཀའ་ཁག་ཆེ་བའི་མང་ཚོགས་ཁྲི་ལྷག་ལ་ལུགས་གསར་རྙིང་གི་ལོ་སར་སྐབས་སུ་སྟེར་ཐེངས་གཅིག་ལ་འཚོ་བའི་ཁ་གསབ་རོགས་དངུལ་སྒོར་བྱེ་བ་གཅིག་ལྷག་བྱིན། 

རྒྱུས་ལོན་བྱུང་བ་ལྟར་ན། ཟི་ལིང་གྲོང་ཁྱེར་གྱིས་ཉིས་སྟོང་བཅུ་གཅིག་ལོར་ཐོག་དང་པོར་ལུགས་གསར་རྙིང་གི་ལོ་སར་སྐབས་སྟེར་ཐེངས་གཅིག་གི་ཁ་གསབ་རོག་དངུལ་བྱིན་པའི་ཚུན་ལ། བསྟུད་མར་ལོ་ངོ་བཅུ་གཉིས་རིང་ལུགས་གསར་རྙིང་གི་ལོ་སར་སྐབས་སུ་མཁར་གྲོང་གྱི་དཀའ་ཁག་ཆེ་བའི་མང་ཚོགས་ལ་སྟེར་ཐེངས་གཅིག་གི་ཁ་གསབ་རོགས་དངུལ་བྱིན་ནས། ཏང་དང་སྲིད་གཞུང་གིས་དམངས་ལ་ཞབས་འདེགས་ཞུ་བ་དེ་འགན་འཁྲི་གཙོ་བོར་བྱས་ཡོད་པ་མཚོན་པར་བྱས་ཏེ། སེམས་དང་བསམ་པའི་སྒོ་ནས་མི་དམངས་མང་ཚོགས་ཀྱི་དཀའ་ཁག་དང་རེ་འདུན་ཆེ་བའི་གནད་དོན་ཐག་གཅོད་གང་ལེགས་བྱས། ཉིས་སྟོང་ཉེར་གསུམ་ལོའི་ལུགས་གསར་རྙིང་གི་ལོ་སར་སྐབས་སུ། ཟི་ལིང་གྲོང་ཁྱེར་གྱིས་བསྡོམས་པས་དཀའ་ཁག་ཆེ་བའི་མང་ཚོགས་ཁྲི་བཞི་ལྷག་ལ་སྟེར་ཐེངས་གཅིག་གི་འཚོ་བའི་ཁ་གསབ་རོགས་དངུལ་སྒོར་བྱེ་བ་གཅིག་ལྷག་བྱིན་པ་དང་། དེའི་ནང་མཁར་གྲོང་གི་མ་མཐའི་འཚོ་བའི་འགན་སྲུང་བྱ་ཡུལ་མི་ཁྲི་གཅིག་དང་སྟོང་གསུམ་ལྔ་བརྒྱ་གོ་གསུམ་ལ་སྒོར་ས་ཡ་བཞི་དང་ཁྲི་བརྒྱད་ཙམ་བྱིན་པ་དང་། སྡེ་བའི་མ་མཐའི་འཚོ་བའི་འགན་སྲུང་བྱ་ཡུལ་མི་ཁྲི་གཉིས་དང་སྟོང་དྲུག་ཞེ་དྲུག་ལ་སྒོར་ས་ཡ་ལྔ་དང་འབུམ་གཉིས་ཁྲི་གཅིག་བྱིན། དམིགས་བསལ་དཀའ་ཁག་ཆེ་བའི་རོགས་སྐྱོར་བྱ་ཡུལ་མི་སྟོང་གསུམ་དང་ལྔ་བརྒྱ་གོ་ལྔར་སྒོར་འབུམ་བདུན་དང་ཁྲི་གཉིས་ཙམ་བྱིན། 

ཐེངས་འདིའི་ཁ་གསབ་རོགས་དངུལ་སྟེར་བའི་ཚད་གཞི་ནི་མཁར་གྲོང་གི་མ་མཐའི་འཚོ་བའི་འགན་སྲུང་བྱ་ཡུལ་མི་རེར་སྒོར་སུམ་བརྒྱ་ཡིན་པ་དང་། ཞིང་སྡེའི་མ་མཐའི་འཚོ་བའི་འགན་སྲུང་བྱ་ཡུལ་དང་དམིགས་བསལ་དཀའ་ཁག་ཆེ་བའི་རོགས་སྐྱོར་བྱ་ཡུལ་མི་རེར་སྒོར་ཉིས་བརྒྱ་རེ་ཡིན། མ་དངུལ་དག་ཟླ་དང་པོའི་ཚེས་བཅུ་བདུན་ཉིན་དངུལ་ཁང་བརྒྱུད་དེ་དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་ལག་ཏུ་བྱིན་ཡོད། 


བསོད་ནམས་ཚེ་རིང་གིས་བསྒྱུར།