མཚོ་སྔོན་ཞིང་ཆེན་གྱི་ཐུན་མོང་བདུན་དང་མི་སྒེར་ལྔར་སྐབས་དང་པོའི་རྒྱལ་ཡོངས་ཆོས་ལུགས་ལས་རིགས་ཀྱི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་གྱི་མཚན་སྙན་ཐོབ། 
2023.01.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 52

ཉེ་སྔོན་གསར་འགོད་པས་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་ལམ་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་སྐབས་དང་པོའི་རྒྱལ་ཡོངས་ཆོས་ལུགས་ལས་རིགས་ཀྱི་ཐོན་སྔོན་ཐུན་མོང་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་བསྡུས་པ་དང་། རང་ཞིང་གི་ཐུན་མོང་བདུན་དང་མི་སྒེར་ལྔར་གཟེངས་བསྟོད་ཐོབ་ཡོད། དེའི་ནང་མཚོ་སྔོན་ཞིང་ཆེན་ནང་བསྟན་ཆོས་ལུགས་མཐུན་ཚོགས་དང་། མཚོ་སྔོན་ཞིང་ཆེན་བོད་རྒྱུད་ནང་བསྟན་སློབ་གླིང་། ཟི་ལིང་གྲོང་ཁྱེར་སྐུ་འབུམ་དགོན་པ། ཟི་ལིང་གྲོང་ཁྱེར་བྱང་རིའི་དགོན་པ། མཚོ་སྔོན་ཞིང་ཆེན་དབྱི་སི་ལན་ཆོས་ལུགས་མཐུན་ཚོགས། མཚོ་སྔོན་ཞིང་ཆེན་དབྱི་སི་ལན་གྱི་གསུང་རབ་སློབ་གླིང་། ཟི་ལིང་གྲོང་ཁྱེར་ཏུང་ཀོན་དབྱི་སི་ལན་ཆོས་ཁང་ཆེན་མོ་བཅས་ལ་སྔོན་ཐོན་ཐུན་མོང་གི་མཚན་སྙན་ཐོབ་པ་དང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་མཁན་པོ་བློ་ཆོས་དང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་ལ་མོ་བདེ་ཆེན་དགོན་པའི་སྤྲུལ་སྐུ་ཞབས་དྲུང་དཀར་པོ་བློ་བཟང་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་སྐྱེ་རྒུ་དགོན་པའི་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་བཀྲ་དཔལ་འབྱོར། མཚོ་ཤར་གྲོང་ཁྱེར་ཞོན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་དབྱི་སི་ལན་ཆོས་ལུགས་མཐུན་ཚོགས་ཀྱི་ཚོགས་གཙོ་མཱ་ཆན་ཝུན། མཚོ་ཤར་གྲོང་ཁྱེར་དཔའ་ལུང་ཧོས་རིགས་རང་སྐྱོང་རྫོང་ཧྲ་ལེན་པའོ་ཡུལ་ཚོའི་ཆགས་ནང་ཐང་དབྱི་སི་ལན་ཆོས་ཁང་གི་ཆོས་དཔོན་ཀྲང་ཅིན་ཧེ་བཅས་ལ་སྔོན་ཐོན་མི་སྒེར་གྱི་མཚན་སྙན་ཐོབ། 

ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་ཆོས་ལུགས་ལས་རིགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆོས་ལུགས་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་ལ་གཏིང་ཟབ་ཏུ་སློབ་སྦྱོང་དང་གོ་བ་བླངས་པ་དང་། ནན་ཏན་གྱིས་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་བྱ་བའི་གྲོས་ཚོགས་དང་རྒྱལ་ཡོངས་ཆོས་ལུགས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་དངོས་འབེབས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ཏང་གི་གསུང་ལ་ཉན་པ་དང་ཏང་ལ་དྲིན་གཟོ་བྱེད་པ། ཏང་གི་རྗེས་སུ་འབྲངས་ནས། ཏང་ཀྲུང་དབྱང་གི་ཆོས་ལུགས་བྱ་བའི་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་བྱས་པ་དང་། རང་རྟོགས་ཀྱིས་རང་རྒྱལ་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ནས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་པར་བྱས་པས། གྲུབ་འབྲས་འབུར་དུ་ཐོན་པའི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་སྐོར་ཞིག་བྱུང་ཡོད་ལ། ཁོ་ཚོ་ཆབ་སྲིད་ཐད་ནས་བློ་གཏད་རུང་བ་དང་། བྱ་བའི་ཐད་ནས་ཁག་ཁུར་ཡོད་ལ། བྱ་སྤྱོད་ཐད་ནས་སྒྲིག་ཁྲིམས་སྲུང་བ། ཆོས་སྤྱོད་ཐད་ནས་གཟབ་ནན་དྲང་བཞག་ཡིན། ཁོ་ཚོ་ནི་རྒྱལ་ཡོངས་ཆོས་ལུགས་ལས་རིགས་ཀྱི་ཕུལ་དུ་བྱུང་བའི་འཐུས་མི་དང་། རྒྱལ་ཡོངས་ཆོས་ལུགས་ལས་རིགས་ཀྱིས་སློབ་སྦྱོང་བྱེད་སའི་མིག་དཔེ་ཡིན་པ་རེད། 


བསོད་ནམས་ཚེ་རིང་གིས་བསྒྱུར།