མཚོ་སྔོན་གྱི་ཕྱུགས་ཟོག་གསོ་སྤེལ་ཚད་ལྡན་ཅན་གྱི་དཔེ་སྟོན་གསར་འཛུགས་ལ་གྲུབ་འབྲས་མངོན་གསལ་ཐོབ། 
2023.01.24 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 21

རང་ཞིང་གིས་ཕྱུགས་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བརྗོད་སྙིང་དམ་འཛིན་བྱས་ཤིང་། མཁོ་འདོན་གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་གཙོ་སྙིང་དུ་བཟུང་སྟེ། བསྟུད་མར་རྣམ་པ་བསྒྱུར་བ་དང་གྲུབ་ཚུལ་ལེགས་སྒྲིག་བྱེད་པར་སྐུལ་འདེད་དང་། ཕྱུགས་ཟོག་གསོ་སྤེལ་གྱི་འཕེལ་རྒྱས་བསམ་ཕྱོགས་ལེགས་བསྒྱུར་བྱས་ཏེ། ཤུགས་ཆེན་པོས་ཚད་ལྡན་ཅན་གྱི་གཞི་རྒྱ་ཆེ་བའི་གསོ་སྤེལ་འཛུགས་སྐྲུན་སྤེལ་ནས། ཕྱུགས་ཟོག་གི་ལྷད་མེད་ཚད་ལྡན་ཅན་གྱི་གསོ་སྤེལ་དཔེ་སྟོན་འཛུགས་སྐྲུན་བྱ་འགུལ་ལ་ཡར་སྐུལ་བྱས། ལོ་ངོ་བཅུ་ལྷག་ལ་འབད་བརྩོན་བྱས་པ་བརྒྱུད། ཞིང་ཆེན་ཡོངས་ཀྱི་ཕྱུགས་ཟོག་གསོ་སྤེལ་ཚད་གཞི་ཅན་གྱི་ཆུ་ཚད་རིམ་བཞིན་ཇེ་མཐོར་སོང་སྟེ། དེང་རབས་ཅན་གྱི་གསོ་སྤེལ་མ་ལག་འཛུགས་སྐྲུན་ཐད་གྲུབ་འབྲས་མངོན་གསལ་ཐོབ། 

ཞིང་ལས་ཞིང་སྡེ་པུའུ་ཡི་འབྲེལ་ཡོད་གཞི་གྲངས་ལས་མངོན་པ་ལྟར་ན། མིག་སྔའི་བར་དུ་རང་ཞིང་དུ་ཐོ་འགོད་བྱས་པའི་གཞི་རྒྱ་ཅན་གྱི་གསོ་སྤེལ་ར་བ་སྟོང་གཅིག་བརྒྱ་དང་སོ་དྲུག་ཡོད་ཅིང་། གཞི་རྒྱ་ཆེ་བའི་གསོ་སྤེལ་ར་བའི་ལྕི་ལུད་ཐག་གཅོད་སྒྲིག་ཆས་སྒྲིག་སྦྱོར་བྱས་ཚད་ཉིས་སྟོང་བཅུ་དྲུག་ལོའི་བརྒྱ་ཆའི་རེ་བཞི་དང་གྲངས་ཆུང་གཉིས་ནས་མིག་སྔའི་བརྒྱ་ཆའི་གོ་དགུ་དང་གྲངས་ཆུང་བདུན་ལ་བསླེབས་ཡོད། ཕྱུགས་ཟོག་གི་ལྕི་ལུད་ཀྱི་ཕྱོགས་བསྡུས་བེད་སྤྱོད་ཀྱི་ཚད་བརྒྱ་ཆའི་གྱ་གསུམ་ལ་བསླེབས་ཡོད་པ་དང་། ཉིས་སྟོང་བཅུ་དྲུག་ལོ་དང་བསྡུར་ན་བརྒྱ་ཆའི་གྲངས་གནས་ཉེར་གསུམ་ཇེ་མཐོར་སོང་ཡོད། གཞི་རྒྱ་ཆེ་བའི་གསོ་སྤེལ་ར་བའི་གཟན་རྩྭའི་ལས་སྣོན་དང་གཟན་ཆས། ལྕི་ལུད་ཀྱི་ཐག་གཅོད། ཁོར་ཡུག་ཚོད་འཛིན། ཕྱུགས་ལས་ཐོན་རྫས་ཀྱི་ལས་སྣོན་ལས་རིམ་གྱི་ཆ་སྙོམས་འཕྲུལ་ཆས་ཅན་གྱི་ཚད་སོ་སོར་བརྒྱ་ཆའི་དོན་གཉིས་དང་གྲངས་ཆུང་གཅིག་གསུམ། བརྒྱ་ཆའི་རེ་གསུམ་དང་གྲངས་ཆུང་ཐིག་དགུ། བརྒྱ་ཆའི་དོན་གཅིག་དང་གྲངས་ཆུང་གཉིས་གཅིག བརྒྱ་ཆའི་དོན་སུམ་དང་གྲངས་ཆུང་གཉིས་གཅིག བརྒྱ་ཆའི་བརྒྱད་ཅུ་དང་གྲངས་ཆུང་དྲུག་གཉིས་བཅས་ལ་བསླེབས་ཡོད། 

ཕྱུགས་ཟོག་ཚད་ལྡན་ཅན་གྱི་གཞི་རྒྱ་ཆེ་བའི་གསོ་སྤེལ་ནི་དེང་རབས་ཕྱུགས་ལས་འཕེལ་རྒྱས་ཀྱི་ཐབས་ལམ་ཉག་ཅིག་རེད། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཞིང་ལས་དང་ཞིང་སྡེ་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། རྗེས་ཕྱོགས་རང་ཞིང་གིས་སྔར་ལས་ལྷག་པའི་སྒོ་ནས་དཔེ་སྟོན་གསར་འཛུགས་ནང་དོན་རྒྱ་བསྐྱེད་དེ། སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་དང་། ནོར་གནག་དང་བོད་ལུགས་ཀྱི་གསོ་སྤེལ་རྟེན་གཞི། ཁྱིམ་ཚང་ཕྱུགས་ར། སྐྱེ་ཁམས་ཕྱུགས་ར་སོགས་རིམ་བཞིན་ཚད་ལྡན་ཅན་གྱི་གཞི་རྒྱ་ཆེ་བའི་གསོ་སྤེལ་དཔེ་སྟོན་གསར་འཛུགས་ཀྱི་ཁྱབ་ཁོངས་སུ་འཇོག་རྒྱུ་ཡིན་ཞིང་། ཕྱུགས་ཟོག་གི་ཚད་ལྡན་ཅན་གྱི་གཞི་རྒྱ་ཆེ་བའི་གསོ་སྤེལ་དེ་ཕྱུགས་ཟོག་རྒྱུད་བཟང་ཅན་དང་གསོ་སྤེལ་སྒྲིག་ཆས་ཅན། ཐོན་སྐྱེད་ཚད་ལྡན་ཅན། རིམས་འགོག་ལམ་ལུགས་ཅན། ལྕི་ལུད་གནོད་མེད་ཅན་བཅས་ནས་ཐོན་སྐྱེད་ནུས་མཐོ་དང་ཁོར་ཡུག་མཛའ་མཐུན། ཐོན་སྐྱེད་བདེ་འཇགས། དོ་དམ་སྔོན་ཐོན་བཅས་ཀྱི་ཕྱོགས་སུ་མཐོར་འདེགས་བཏང་སྟེ། རྒྱུན་ཆད་མེད་པར་ཕྱུགས་ཟོག་ཚད་ལྡན་ཅན་གྱི་དཔེ་སྟོན་གསར་འཛུགས་བྱ་བར་ཕན་འབྲས་ཐོབ་པར་སྐུལ་འདེད་གཏོང་རྒྱུ་རེད། 


བསོད་ནམས་ཚེ་རིང་གིས་བསྒྱུར།