མཚོ་ནུབ་ཁུལ་གྱིས་བྱ་བ་དང་གྲུབ་འབྲས་ངོ་མར་བརྟེན་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་བྱེད་པར་གསོན་ཤུགས་བསྣན།
2023.01.25 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 18

ཉིས་སྟོང་ཉེར་གཉིས་ལོ་ནི་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་དུ་གཏོང་བ་དང་གྲོང་གསེབ་དར་སྤེལ་ནུས་ལྡན་སྒོས་སྦྲེལ་མཐུད་བྱེད་པའི་སྔ་འཛིན་ཕྱི་སྐྱོང་གི་གནད་འགག་གི་ལོ་དང་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པའི་ལོ་ཞིག་རེད། ཁུལ་ཡོངས་ཀྱིས་འཕེལ་རྒྱས་ཀྱི་ཁྲོད་དུ་དམངས་ཚིས་ལ་འགན་སྲུང་དང་ལེགས་བཅོས་བྱེད་རྒྱུ་རྒྱུན་འཁྱོངས་བྱས་པས། ཞིང་ལས་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བར་ཕན་འབྲས་མངོན་གསལ་ཐོབ་པ་དང་། ཞིང་སྡེའི་མི་སྡོད་ཁོར་ཡུག་མངོན་གསལ་གྱི་ཇེ་ལེགས་སུ་སོང་ཞིང་། ཞིང་སྡེའི་བཅོས་སྒྱུར་ཏན་ཏིག་གིས་སྤེལ་བ་དང་། གྲོང་གསེབ་དར་སྤེལ་ཕྱོགས་ཡོངས་ནས་གོང་དུ་འཕེལ། རོང་འབྲོག་ཁུལ་གྱི་མི་སྡོད་ཁོར་ཡུག་བཅོས་སྐྱོང་ཚོད་ལྟའི་དཔེ་སྟོན་ཡུལ་གྲོང་གཅིག་དང་། དཔེ་སྟོན་སྡེ་བ་ཉེར་གཅིག དག་གཙང་སྡེ་བ་དོན་གཅིག་བཅས་གསར་དུ་བཙུགས་པ་དང་། རོང་འབྲོག་ཁྱིམ་ཚང་སྟོང་གཅིག་གི་སྡོད་གནས་ཆ་རྐྱེན་ལེགས་བཅོས་བཟོ་སྐྲུན་འཛུགས་སྐྲུན་གྱི་ལས་འགན་ཡོངས་འགྲུབ་བྱས།

མཚོ་ནུབ་ཁུལ་གྱིས་ཉིས་སྟོང་ཉེར་གཉིས་ལོའི་མཚོ་ནུབ་ཁུལ་གྱི་གྲོང་གསེབ་དར་སྤེལ་གྱི་བྱ་བ་གཙོ་བོའི་སྐུལ་སྒྲུབ་འཆར་གཞི་ཞེས་པ་གཏན་འབེབས་བྱས་ཏེ། ལོ་གཅིག་གི་བྱ་བའི་ལས་འགན་གཞིར་བཟུང་སྟེ། རིམ་པ་དང་པོ་དང་གཉིས་པ། གསུམ་པ་བཅས་ཀྱི་དམིགས་ཚད་ལྟར། འབྲུ་རིགས་ཐོན་ཚད་བརྟན་འཇགས་སུ་གཏོང་བ་དང་ཞིང་སར་འགན་ལེན་བྱེད་པ། དབུལ་ཐར་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། གྲོང་གསེབ་གོང་སྤེལ་སོགས་ནང་དོན་ཁག་བགོས་བྱས་པ་དང་། དུས་ཚིགས་ལྟར་བྱ་བའི་འཕེལ་རིམ་གནས་ཚུལ་ལ་ཚད་ལེན་བྱས་ཏེ། དུས་ལྟར་ལྟ་སྐུལ་དང་མཛུབ་སྟོན། སྐུལ་སྤེལ་བཅས་བྱས། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་དུ་གཏོང་བ་དང་གྲོང་གསེབ་དར་སྤེལ་ནུས་ལྡན་སྒོས་སྦྲེལ་མཐུད་བྱེད་པའི་ཆེད་དོན་ལྟ་སྐུལ་གྱི་འབུར་ཐོན་གནད་དོན་དང་ཡང་ན་གནད་དོན་གྱི་ཁུངས་སྣེ། ལྟ་སྐུལ་དོ་དམ་གྱི་སྦྲེལ་མཐུད་གཞོགས་འདེགས། དུས་བཅས་ཕྱོགས་སྡོམ་ཡར་ཞུ་ཁྱབ་བསྒྲགས་བཅས་བྱ་བའི་ལམ་ལུགས་གསུམ་བཙུགས་ཏེ། ལྟ་སྐུལ་ཞིབ་བཤེར་དང་བྱ་བའི་མཛུབ་སྟོན་ཇེ་དྲག་ཏུ་བཏང་།

ཁུལ་ཡོངས་ཀྱི་རོང་འབྲོག་ཁྱིམ་ཚང་ཐམས་ཅད་ལ་གྲལ་བཤེར་བྱས་ཏེ། བསྡོམས་པས་ཕྱིར་དབུལ་ཕོངས་སུ་འགྱུར་བར་ལྟ་ཞིབ་བྱེད་ཡུལ་གྱི་ཁྱིམ་ཚང་ཉེར་དགུ་དང་མི་དགུ་བཅུ་ཤེས་རྟོགས་བྱུང་བ་དང་། མི་གྲངས་རང་བྱུང་འགུལ་རྣམ་ལེགས་སྒྲིག་བརྒྱུད་ནས། མིག་སྔར་བསྡོམས་པས་ལྟ་ཞིབ་བྱེད་ཡུལ་གྱི་ཁྱིམ་ཚང་ཉེར་བརྒྱད་དང་མི་གྱ་བརྒྱད་ཡོད་པར། ཁྱིམ་ཚང་རེ་རེ་བཞིན་དུ་ཁ་གཏད་རང་བཞིན་གྱི་རོགས་སྐྱོབ་བྱེད་ཐབས་དོན་འཁྱོལ་བྱས་པར་མ་ཟད་དུས་བཅད་ལྟ་ཞིབ་བྱས། ཡིག་ཚགས་དང་བྱང་བུ་བསྒྲིགས་པའི་དབུལ་ཐར་མི་གྲངས་དང་ཕྱིར་དབུལ་ཕོངས་སུ་འགྱུར་སླ་བའི་མི་ཉིས་སྟོང་ཆིག་བརྒྱ་ང་གཅིག་ཐག་ཉེ་ནས་ལས་ཀར་ཞུགས་སུ་བཅུག་པ་དང་། ངལ་རྩོལ་ནུས་པ་ཡོད་པའི་གནས་སྤར་ཁྱིམ་ཚང་དུ་ཉུང་མཐར་ཡང་མི་གཅིག་བརྟན་འཇགས་ཀྱིས་ལས་ཞུགས་བྱེད་པའི་དམིགས་འབེན་མངོན་འགྱུར་བྱས།

ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ནོར་སྲིད་སྦྲེལ་མཐུད་ཀྱིས་གྲོང་གསེབ་དར་སྤེལ་བྱེད་པའི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་དྲུག་དང་བྱེ་བ་གཅིག་ས་ཡ་གསུམ་དོན་འཁྱོལ་བྱས་ཏེ་རྣམ་གྲངས་བརྒྱ་དང་གོ་དྲུག་ལག་བསྟར་བྱས། གྲོང་གསེབ་དར་སྤེལ་གྱི་ཚོད་ལྟའི་སྡེ་བ་བཅུ་བདུན་འོས་སྦྱོར་ཡར་ཞུ་བྱས་པ་དང་། མ་དངུལ་སྣ་ཚོགས་སྒོར་དུང་ཕྱུར་གཅིག་དང་ས་ཡ་གསུམ་བཏང་ནས་རྣམ་གྲངས་ཉེར་བརྒྱད་ལག་བསྟར་བྱས། རིག་ནུས་རོགས་སྐྲུན་གསོ་སྦྱོང་ཐད་མ་དངུལ་སྒོར་འབུམ་གཅིག་དང་ཁྲི་ལྔ་བཏང་ནས། གཞུང་ལུགས་ཟུར་ཁྲིད་དང་ལག་ལེན་སློབ་ཁྲིད་ཟུང་དུ་སྦྲེལ་བའི་ཐབས་ལ་བརྟེན་ནས། རིམ་པ་སོ་སོའི་གྲོང་གསེབ་དར་སྤེལ་ལས་བྱེད་པར་ཆེད་དོན་གསོ་སྦྱོང་བྱས་ཏེ། བསམ་ཕྱོགས་རྒྱ་བསྐྱེད་པ་དང་ནུས་པ་ཇེ་ཆེར་བཏང་། ཁེ་ལས་བརྒྱ་ཡིས་སྡེ་བ་བརྒྱ་དར་རྒྱས་སུ་གཏོང་བའི་འགུལ་སྐྱོད་བསྟུད་མར་སྤེལ་བ་དང་། མིག་སྔར་ཁུལ་ཡོངས་ཀྱི་ཁུལ་སྡོད་ཁེ་ལས་གཙོ་བོ་བརྒྱ་དང་ཞེ་བདུན་གྱིས་དབུལ་ཐར་སྡེ་བ་བརྒྱ་དང་བཅུ་དགུ་དང་རོགས་སྐྱོར་སྡེ་བ་གཙོ་བོ་བཅུ་གཅིག་ལ་ཁ་གཏད་རོགས་སྐྱོར་བྱས་ཏེ། མ་དངུལ་སྒོར་ས་ཡ་བཞི་དང་འབུམ་བརྒྱད་ཁྲི་གསུམ་སྟོང་བརྒྱད་བདུན་བརྒྱ་བཏང་སྟེ། སྡེ་བ་རིམ་པའི་ཐོན་ལས་གོང་དུ་སྤེལ་བར་རོགས་སྐྱོར་བྱས་པ་དང་། རོང་འབྲོག་པའི་ཡོང་སྒོ་བསྟུད་མར་འཕར་བར་སྐུལ་ཁྲིད་བྱས།