ཉིས་སྟོང་ཉེར་གཉིས་ལོར་རང་རྒྱལ་གྱི་དབུལ་ཐར་མི་འབོར་གྱི་མི་རེའི་ཆ་སྙོམས་ཡོང་འབབ་རྐྱང་བ་དུས་མཚུངས་ལས་བརྒྱ་ཆའི་བཅུ་བཞི་དང་གྲངས་ཆུང་གསུམ་འཕར་ཡོད།
2023.01.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

གསར་འགོད་པས་ཉིན་འགའི་སྔོན་ལ། རྒྱལ་ཁབ་གྲོང་གསེབ་དར་སྤེལ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཕྱོགས་སོ་སོས་ཐུན་མོང་གི་འབད་བརྩོན་བྱས་པ་བརྒྱུད་དེ། ཉིས་སྟོང་ཉེར་གཉིས་ལོའི་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྔར་ལས་སྲ་བརྟན་དང་རྒྱ་ཆེར་ཕྱིན་ནས། གཞི་ཁྱོན་ཆེ་བའི་ངང་ནས་ཡང་བསྐྱར་དབུལ་པོར་མི་འགྱུར་བའི་མ་མཐའི་ཚད་མཐའ་བརྟན་སྲུང་ཐུབ་པར་གྱུར་ཏེ། རྒྱལ་ཡོངས་ཀྱི་དབུལ་ཐར་མི་འབོར་གྱི་མི་རེའི་ཆ་སྙོམས་ཡོང་འབབ་རྐྱང་བ་སྒོར་ཁྲི་གཅིག་དང་སྟོང་བཞི་སུམ་བརྒྱ་ཞེ་བཞི་ཡིན་ལ། དེ་དུས་མཚུངས་ལས་བརྒྱ་ཆའི་བཅུ་བཞི་དང་གྲངས་ཆུང་གསུམ་འཕར་ནས། དབུལ་ཐར་གྱི་རྨང་གཞི་སྔར་ལས་ཇེ་བརྟན་དུ་བཏང་།

ཡང་བསྐྱར་དབུལ་པོར་འགྱུར་བ་སྔོན་འགོག་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་ལམ་སྲོལ་སྔར་ལས་འཐུས་ཚང་དུ་བཏང་བ་དང་། གཞི་ཁྱོན་ཆེ་བའི་ངང་ནས་ཡང་བསྐྱར་དབུལ་པོར་འགྱུར་བའི་སྣང་ཚུལ་མེད་པར་བྱས། ས་གནས་ཁག་གིས་ཡུལ་བབ་དང་བསྟུན་ནས་ལྟ་ཞིབ་ཚད་ལེན་གྱི་ཚད་གཞིའི་ལོ་ཧྲིལ་བོའི་ལེགས་སྒྲིག་ལམ་སྲོལ་བཙུགས་ནས། ཡང་བསྐྱར་དབུལ་པོ་མི་འབྱུང་བར་སྔོན་འགོག་བྱེད་པའི་ལྟ་ཞིབ་ཚད་ལེན་བྱ་ཡུལ་ལ་གནད་འཁེལ་རོགས་སྐྱོར་གྱི་བྱེད་ཐབས་དོན་འཁྱོལ་བྱས་ཏེ། རོགས་རམ་བྱེད་དགོས་ངེས་ཀྱི་རིགས་ལ་རོགས་རམ་བྱས་ཡོད། ཉིས་སྟོང་ཉེར་གསུམ་ལོར་བརྒྱ་ཆའི་རེ་ལྔ་དང་གྲངས་ཆུང་གསུམ་གྱི་ལྟ་ཞིབ་ཚད་ལེན་བྱ་ཡུལ་ལ་ཡང་བསྐྱར་དབུལ་ཕོངས་སུ་མི་འགྱུར་བའི་ཐད་ཀྱི་ཉེན་ཁ་སེལ་བ་དང་། དེའི་ཕན་གྱི་དབུལ་པོ་ཚང་མར་རོགས་སྐྱོར་བྱེད་ཐབས་དོན་འཁྱོལ་བྱས་ཡོད།

ལས་ཞུགས་དང་ཐོན་ལས་རོགས་སྐྱོར་བྱེད་ཐབས་སྔར་ལས་ནུས་ལྡན་བྱུང་བ་དང་། དབུལ་ཐར་མི་འབོར་གྱི་ཡོང་འབབ་མགྱོགས་མྱུར་ངང་འཕར་སྣོན་བྱུང་ཡོད། ཉིས་སྟོང་ཉེར་གཉིས་ལོར་དབུལ་ཐར་རྫོང་གི་ཞིང་པ་ཡི་མི་རེའི་ཆ་སྙོམས་བཀོལ་སྤྱོད་བྱས་ཆོག་པའི་ཡོང་འབབ་དང་དབུལ་ཐར་མི་འབོར་གྱི་མི་རེའི་ཆ་སྙོམས་ཡོང་འབབ་རྐྱང་བའི་འཕར་ཚད་རྒྱལ་ཡོངས་ཀྱི་ཞིང་པའི་ཆ་སྙོམས་ཆུ་ཚད་ལས་ཇེ་མཐོར་ཕྱིན་ཡོད།

ལས་ཞུགས་ཀྱི་ངོས་ནས་བཤད་ན། ས་གནས་དང་འབྲེལ་ཡོད་སྡེ་ཁག་སོ་སོས་དབུལ་ཐར་མི་འབོར་རྩ་འཛུགས་དང་སྐུལ་སློང་བྱས་ནས། ཕྱི་ཕྱོགས་སུ་སོང་ནས་ལས་ཀ་བཙལ་བ་དང་ཡང་ན་རང་གི་ཐག་ཉེ་སའི་ས་ཆ་ནས་ལས་ཞུགས་བྱེད་པར་སྐུལ་འདེད་གཏོང་བ་བཅས་ཕྱོགས་གཉིས་ནས་ཤུགས་འདོན་པའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས།

ཐོན་ལས་ཀྱི་ཐད་ནས་བཤད་ན། དབུལ་ཐར་ས་ཁུལ་གྱི་ཁྱད་ལྡན་ཐོན་ལས་རིམ་སྤོར་བྱ་སྤྱོད་སྤེལ་བ་དང་། ཀྲུང་དབྱང་ནོར་སྲིད་ཀྱིས་གྲོང་གསེབ་དར་སྤེལ་གཏོང་བའི་ཁ་གསབ་མ་དངུལ་གྱི་བརྒྱ་ཆའི་ང་ལྔ་ཡན་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་རྒྱུར་སྤྱད་པ་དང་། གཙོ་ཁྲིད་ཐོན་ལས་ཀྱི་ཁྱད་ལྡན་ཉེན་ཚབས་ཁེབས་ཚད་ཀྱིས་བརྒྱ་ཆའི་བདུན་ཅུ་ཟིན་ཡོད།

བན་དེ་སྐྱབས་ཀྱིས་བསྒྱུར།