ཉེ་ལམ། གསར་འགོད་པས་ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲིམས་འཛིན་རོགས་སྐྱོབ་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས། ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གིས་རྒྱལ་ཁབ་གྲོང་གསེབ་དར་སྤེལ་ཅུའུ་དང་མཉམ་དུ་དཔེ་མཚོན་གྱོད་དཔེ་པར་འགྲེམས་བྱས་ཏེ། གྱོད་གཞི་ཡི་དབང་གིས་འཚོ་བར་དཀའ་ངལ་འཕྲད་པའི་གྲོང་གསེབ་ཀྱི་ཁྱིམ་ཚང་ལ། སྐྱོབ་དགོས་ངེས་ཀྱི་རོགས་སྐྱོབ་བྱེད་སྒོ་སྤེལ། ཉིས་སྟོང་ཉེར་གཉིས་ལོར་ཁྱོན་བསྡོམས་མི་ཁྲི་བརྒྱད་དང་སྟོང་གཉིས་ལ་སྒོར་དུང་ཕྱུར་བརྒྱད་དང་བྱེ་བ་བཞི་ཡིས་རོགས་སྐྱོབ་བྱས་པ་དང་། གྲངས་འབོར་དེ་ནི་སོ་སོར་དུས་མཚུངས་ལས་བརྒྱ་ཆའི་དོན་གཉིས་དང་གྲངས་ཆུང་གཉིས་དང་བརྒྱ་ཆའི་སོ་དྲུག་དང་གྲངས་ཆུང་དགུ་འཕར་ཡོད།
ཉེ་བའི་ལོ་འགའི་རིང་ལ། ཞིབ་དཔྱོད་ལས་ཁུངས་ཀྱིས་དམངས་ཀྱི་ཆེད་དུ་ཞིབ་དཔྱོད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། ཞུ་གཏུག་དང་ཁྲིམས་འཛིན་སྐྱོབ་རོགས་སོགས་ཀྱི་ལས་དོན་ལ་རྒྱབ་སྐྱོར་བྱས་པ་བརྒྱུད་དེ། མི་དམངས་མང་ཚོགས་དང་ལྷག་པར་དུ་ཉམས་ཞན་ཚོགས་སྤྱི་དང་དཀའ་ངལ་ཡོད་པའི་མང་ཚོགས་ཀྱིས་ཐག་གཅོད་པར་སྒུག་པའི་གནད་དོན་ནུས་ལྡན་ངང་ཐག་གཅོད་བྱས་པ་དང་། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་གསར་གཏོད་ལ་ཞབས་འདེགས་ཞུ་རྒྱུ་དེ་གྲོང་གསེབ་དར་སྤེལ་ལས་དོན་དང་འབྲེལ་མཐུད་ནུས་ལྡན་བྱས། ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གིས་ད་དུང་སྡེ་ཁག་མང་པོ་དང་མཉམ་འབྲེལ་བྱས་ནས་ཞིང་ལས་ཐོན་རྫས་ཀྱི་བདེ་འཇགས་དང་ཞིང་ལས་རྒྱུ་ཆའི་བདེ་འཇགས་ལ་གནོད་འཚེ་བཟོ་བ་སོགས་ཀྱི་ཁྲིམས་འགལ་ནག་ཉེས་བཟོ་མཁན་ལ་ཆེད་དོན་ཆད་གཅོད་བྱས།
ཉིས་སྟོང་ཉེར་གཉིས་ལོར་ཞིབ་དཔྱོད་ལས་ཁུངས་ཀྱིས་དམིགས་བསལ་ཚོགས་སྤྱིའི་ཁེ་དབང་གི་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་ནས། ཞིང་པ་ཞོར་ལས་པར་གླ་ཕོགས་ལེན་རོགས་བྱས་པ་དང་དབང་པོ་སྐྱོན་ཅན་གྱི་ཁེ་དབང་ལ་སྲུང་སྐྱོབ་བྱེད་པ་སོགས་ཀྱི་གྱོད་གཞི་ཁྲི་བརྒྱད་དང་སྟོང་དགུ་ཁྲིམས་ལ་སྦྱར་ནས་རྒྱབ་སྐྱོར་བྱས། ཞིབ་དཔྱོད་ལས་ཁུངས་ཀྱིས་ཞིང་པ་ཞོར་ལས་པའི་གླ་ཕོགས་འགོར་འགྱངས་གཏོང་བའི་གནད་དོན་ལ་ཆེད་དོན་བཅོས་སྒྲིག་བྱས་ནས། གླ་ཕོགས་འགོར་འགྱངས་གཏོང་བ་དང་འབྲེལ་བ་ཡོད་པའི་ནག་ཉེས་བཟོ་མཁན་གྱི་མི་སྟོང་གཅིག་བརྒྱ་དང་བཅུ་ཁྲིམས་ལ་སྦྱར། རྒན་གསོའི་ལས་དོན་སྐོར་གྱི་མགོ་གཡོག་མགོ་སྐོར་ལ་རྡུང་རྡེག་གཏོང་བ་དང་བཅོས་སྒྲིག་བྱེད་པའི་ཆེད་དོན་བྱ་སྤྱོད་མཉམ་དུ་སྤེལ་ནས་མི་སྟོང་དགུ་དང་བཞི་བརྒྱ་ཞེ་བདུན་ཁྲིམས་ལ་སྦྱར།
བན་དེ་སྐྱབས་ཀྱིས་བསྒྱུར།