ཟླ་དང་པོའི་ཚེས་ཉེར་དྲུག་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་གྱི་རྒྱལ་ཡོངས་ས་ངོས་ཆུའི་དཔྱད་ཞིབ་བཅད་ངོས་ཀྱི་ཆུའི་རྒྱུ་སྤུས་ཕུལ་བྱུང་གི་ཚད་བརྒྱ་ཆའི་བརྒྱའི་ཞིང་ཆེན་གྱི་གྲུབ་འབྲས་སྲུང་འཛིན་བྱེད་པ་དང་། ཆུ་ཆུང་བའི་དུས་ཀྱི་ཙོང་ཆུའི་བཞུར་རྒྱུད་ཀྱི་ཆུ་སྤུས་བརྟན་འཇགས་ཡོང་ཁར་ཁག་ཐེག་བྱེད་ཆེད། ལུགས་རྙིང་ལོ་སར་སྐབས་སུ། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་གྱིས་བཙོག་ཆུ་ཐག་གཅོད་གནས་ཚུལ་ལ་ལྐོག་བཤེར་ལྟ་ཞིབ་བྱེད་པའི་བྱ་བ་སྤེལ།
མིག་སྔར། ཙོང་ཆུའི་བཞུར་རྒྱུད་དེ་ཆུ་ཆུང་བའི་དུས་སྐབས་སུ་གནས་པ་དང་། ལུགས་རྙིང་ལོ་སར་སྐབས་སུ་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་གྱི་མི་སྣ་འདུ་རུབ་ཀྱི་ཚད་དང་བྱ་འགུལ་ཇེ་མང་དུ་སོང་ལ། བཙོག་ཆུ་ཐག་གཅོད་བྱེད་པའི་ལས་འགན་ཧ་ཅང་ལྕི་བ་དང་། བཞུར་རྒྱུད་ཀྱི་ཆུའི་བཙོག་བཟོ་འགོག་བཅོས་ཀྱི་གནོན་ཤུགས་ཇེ་ཆེར་སོང་། དེར་བརྟེན། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་གྱིས་ལྐོག་བཤེར་ལྟ་ཞིབ་ཚན་ཆུང་གཉིས་བཙུགས་ཏེ། ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་གྱི་རྫོང་དང་ཆུའུ་བཅུ་རུ་སོང་ནས། ཡུལ་དངོས་ནས་ཟི་ལིང་གྲོང་ཁྱེར་གྱི་བཙོག་ཆུ་ཐག་གཅོད་བཟོ་གྲྭ་དང་པོ་དང་གཉིས་པ། གསུམ་པ། བཞི་བ། ལྔ་བ། དྲུག་པ་དང་ཏུང་ཁྲོན་བཟོ་ལས་ར་བའི་ཁུལ། པེ་ཁྲོན་བཟོ་ལས་ར་བའི་ཁུལ། མཁར་ལྷོ་དང་སྟོང་སྐོར་རྫོང་བཙོག་ཆུ་ཐག་གཅོད་བཟོ་གྲྭ་དང་འདམ་རྫབ་ཐག་གཅོད་ལྟེ་གནས་སོགས་དང་། མཚོ་ཤར་གྲོང་ཁྱེར་ཕེན་ཅན་ཆུའུ་དང་ལི་ཏུའུ་ཆུའུ། དཔའ་ལུང་ཚའི་མགུར་བཙོག་ཆུ་ཐག་གཅོད་བཟོ་གྲྭ་སོགས་ཀྱི་སྒྲིག་ཆས་འཁོར་རྒྱུག་དང་དོ་དམ་གནས་ཚུལ་ལ་ཞིབ་བཤེར་བྱས་པར་མ་ཟད། བཙོག་ཆུ་ཐག་གཅོད་བཟོ་གྲྭའི་ཆུ་འདོན་ཆུ་སྤུས་ལ་ཡུལ་དངོས་དཔེ་ལེན་ལྟ་ཞིབ་བྱས་ནས། བཙོག་བཟོ་དངོས་པོ་ཚད་ལོངས་ཕྱིར་འདོན་དང་རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་ཉེན་བརྡའི་གློག་བརྙན། ཞིང་ཆེན་རིམ་པའི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་སོགས་ལྟ་ཞིབ་ཞིབ་བཤེར་ཐད་ནས་རྙེད་པའི་གནད་དོན་དག་ཐེར་ལེགས་བཅོས་བྱས་པའི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས།
ལྐོག་བཤེར་ལྟ་ཞིབ་ཚན་ཆུང་གིས་ནན་གྱིས་བསྟན་དོན། འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་གིས་ཙོང་ཆུའི་བཞུར་རྒྱུད་ཀྱི་ཆུ་བཙོག་བཟོ་འགོག་བཅོས་དང་ཆུའི་སྐྱེ་ཁམས་སྲུང་སྐྱོང་བྱེད་རྒྱུ་དེ་ཆུར་སྲུང་སྐྱོབ་དམག་འཐབ་ཀྱི་གནད་འགག་ཏུ་བརྩིས་ནས་དམ་འཛིན་བྱེད་པ་དང་། རིམ་པ་སོ་སོའི་སྲིད་གཞུང་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་ཏང་སྲིད་འགན་གཅིག་དང་ལས་རྐང་གཅིག་ལ་འགན་འཁྲི་་གཉིས་ཀྱི་ཁོངས་གཏོགས་ས་ཆའི་འགན་འཁྲི་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ། འབྲེལ་ཡོད་སྲིད་འཛིན་གཙོ་འགན་སྡེ་ཁག་གིས་ལས་རིགས་ཀྱི་ལྟ་སྐུལ་དོ་དམ་འགན་འཁྲི་ལག་བསྟར་བྱེད་པ། བཙོག་ཆུ་ཐད་གཅོད་བཟོ་གྲྭ་ཚོང་གཉེར་སྡེ་ཁག་གིས་བཙོག་བཟོ་འགོག་བཅོས་ཀྱི་གཙོ་གཞི་འགན་འཁྲི་དོན་འཁྱོལ་བྱས་ནས། མཉམ་འཛིན་མཉམ་སྡོམ་གྱི་མཉམ་ཤུགས་ཆེན་པོ་གྲུབ་པར་བྱེད་དགོས། མི་འདང་སར་དོ་སྣང་བྱེད་པ་དང་། སྦུག་དྲ་འཛུགས་སྐྲུན་བསྒྱུར་བཀོད་དང་བཙོག་ཆུ་དང་འདམ་རྫབ་ཐག་གཅོད་ནུས་པ་མཐོར་འདེགས་གཏོང་བ། ཞིང་སྡེའི་བཙོག་ཆུ་ཐག་གཅོད་སྒྲིག་ཆས་འཛུགས་སྐྲུན་བྱེད་པ། གྲོང་གསེབ་ཀྱི་ཆུ་འདོན་སོགས་དོ་དམ་བྱེད་ཐབས་ལ་གཅིག་འདོམས་བྱེད་པ། ཆུ་ཕྱིར་འདོན་ཐད་ཀྱི་མཆན་འགོད་ལམ་ལུགས་ལག་བསྟར་བྱེད་པ། བཙོག་ཆུ་བསྡུ་རུབ་ཆ་ཚང་དང་འཕྲལ་བསྟུན་ཁ་གཏད་མྱུར་དུ་འཇལ་བ། སྒྲིག་ཆས་འཁོར་སྐྱོད་བཟང་བའི་བཙོག་ཆུ་ཐག་གཅོད་མ་ལག་གྲུབ་པར་བྱེད་དགོས། ལྟ་ཞིབ་ཁྲིམས་འཛིན་ལ་ཤུགས་སྣོན་པ་དང་། ཚད་བརྒལ་ཕྱིར་འདོན་སོགས་ཁོར་ཡུག་ཁྲིམས་འགལ་བྱ་སྤྱོད་ལ་ཐག་གཅོད་ནན་མོ་བྱེད་པ། མངག་སྡོད་ལྟ་ཞིབ་དང་ཉིན་རྒྱུན་གྱི་སྐོར་ཞིབ་ལ་ཤུགས་སྣོན་པ། རིགས་མི་འདྲ་བའི་གནད་དོན་དག་ཐེར་ལེགས་བཅོས་ནན་མོ་བྱེད་པ། ཡུན་ཕན་རྐྱེུན་སྲོལ་འཛུགས་པར་སྐུལ་འདེད་བཏང་སྟེ། གནད་དོན་ཡང་བསྐྱར་འབྱུང་བར་བཀག་འགོག་བྱེད་དགོས།