2023ལོའི་ལུགས་རྙིང་ལོ་སར་སྐབས་སུ་མཚོ་སྔོན་གྱི་འཛད་སྤྱོད་ཚོང་ར་སླར་གསོ་ཡར་འཕེལ་བྱུང་།
2023.01.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 10

ཟླ་དང་པོའི་ཚེས་ཉེར་བདུན་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2023ལོའི་ལུགས་རྙིང་ལོ་སར་སྐབས་སུ། མཚོ་སྔོན་གྱི་འཛད་སྤྱོད་ཚོང་རའི་ཐད་ནས་སླར་གསོ་ཡར་འཕར་གྱི་འཕེལ་རྒྱས་སུ་འགྲོ་བའི་རྣམ་པ་མངོན། ལྟ་ཞིབ་གཞི་གྲངས་ལས་མངོན་པ་ལྟར་ན། ལུགས་རྙིང་ལོ་སར་སྐབས་སུ། ཞིང་ཆེན་ཡོངས་ཀྱིས་གཙོར་བཟུང་ནས་ལྟ་ཞིབ་བྱེད་པའི་ཉོ་ཚོང་འཁོར་རྒྱུག་ཁེ་ལས་བརྒྱ་དང་བཅོ་བརྒྱད་ཀྱི་ཉོ་ཚོང་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་བདུན་ས་ཡ་དྲུག་འབུམ་ལྔ་ཁྲི་དྲུག་སྟོང་གཅིག་ལ་སླེབས། དེའི་ཁྲོད། གཙོར་བཟུང་ནས་ལྟ་ཞིབ་བྱེད་པའི་ཁེ་ལས་ཀྱི་ཉོ་ཚོང་མ་དངུལ་སྒོར་དུང་ཕྱུར་གཅིག་དང་ས་ཡ་གཅིག་འབུམ་བདུན་ཁྲི་གཉིས་སྟོང་གཉིས་ལ་སླེབས་པ་དང་། དེ་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་བཞི་དང་གྲངས་ཆུང་བརྒྱད་འཕར་སྣོན་བྱུང་ལ། རང་ཞིང་གི་འཛད་སྤྱོད་ཚོང་ར་སྤྱིའི་ཆ་ནས་སླར་གསོ་དང་ཇེ་བཟང་དུ་འགྲོ་བའི་རྣམ་པ་སྲུང་འཛིན་བྱས།

ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་གཉིས་དང་ཁུལ་དྲུག་ལས་ཟི་ལིང་གྲོང་ཁྱེར་དང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ལས་གཞན། ས་ཁུལ་གཞན་པའི་གཙོར་བཟུང་ནས་ལྟ་ཞིབ་བྱེད་པའི་སིལ་འཚོང་ཁེ་ལས་ཀྱི་ཉོ་ཚོང་གཞི་གྲངས་དྲང་ཕྱོགས་སུ་འཕར་སྣོན་བྱུང་བ་དང་། དེའི་ཁྲོད་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཅས་ཀྱི་ཉོ་འཚོང་མ་དངུལ་སྒོར་སོ་སོར་ས་ཡ་དྲུག་དང་འབུམ་ལྔ་ཁྲི་གསུམ་སྟོང་དྲུག་དྲུག་བརྒྱ་དང་འབུམ་བཞི་དང་སྟོང་གཅིག འབུམ་ལྔ་ཁྲི་གསུམ་དང་སྟོང་བརྒྱད་ལ་སླེབས། དེ་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་གྱ་བརྒྱད་ལྷག་དང་བརྒྱ་ཆའི་ཉེར་དྲུག་ལྷག བརྒྱ་ཆའི་ཉེར་གསུམ་ལྷག་འཕར་སྣོན་བྱུང་། ཟི་ལིང་གྲོང་ཁྱེར་གྱིས་གཙོར་བཟུང་ནས་ལྟ་ཞིབ་བྱེད་པའི་སིལ་འཚོང་ཁེ་ལས་ཉེར་དགུ་ཡི་ལོ་སར་སྐབས་ཀྱི་ཉོ་ཚོང་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གཅིག་འབུམ་དགུ་ཁྲི་གཅིག་ལ་སླེབས།

གཙོ་གནད་ལྟ་ཞིབ་ཁེ་ལས་ཀྱི་ཉོ་ཚོང་གཞི་གྲངས་ལ་བལྟས་ན། ལུགས་རྙིང་ལོ་སར་སྐབས་སུ་བྱེ་སྣུམ་ཟས་རིགས་དང་རྒྱུན་མཁོའི་དངོས་རྫས་སོ་སོའི་ཉོ་ཚོང་མ་དངུལ་སྒོར་བྱེ་བ་གསུམ་དང་ས་ཡ་བདུན་འབུམ་གཉིས་ཁྲི་གསུམ་སྟོང་དགུ་དང་ས་ཡ་དགུ་འབུམ་གཉིས་ཁྲི་བདུན་སྟོང་དྲུག་ལ་སླེབས་པ་དང་། དེ་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་བཅོ་བརྒྱད་དང་བརྒྱ་ཆའི་བཅུ་གཅིག་ལྷག་མར་བབས་ལ། དེ་དུས་ཆེན་སྐབས་ཀྱི་ཆོས་ཉིད་དང་མཐུན།

མཐོ་རིམ་འཛད་སྤྱོད་སྒུལ་ཤུགས་ཅུང་ཞན་ན་ཡང་། གཙོ་གནད་ལྟ་སྐུལ་བྱེད་པའི་བཅད་གྲངས་ཡན་གྱི་ཁེ་ལས་ཀྱི་ལུགས་རྙིང་ལོ་སར་སྐབས་ཀྱི་རླངས་འཁོར་ཉོ་ཚོང་མ་དངུལ་སྒོར་འབུམ་གསུམ་དང་ཁྲི་ལྔ་སྟོང་དྲུག་དྲུག་བརྒྱ་ལ་སླེབས་པ་དང་། དེ་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་ཉེར་ལྔ་ལྷག་འཕར་སྣོན་བྱུང་ལ། མཛེས་འཆོས་བྱུག་རྫས་ཀྱི་ཉོ་ཚོང་མ་དངུལ་སྒོར་ས་ཡ་བདུན་དང་འབུམ་དྲུག་སྟོང་གཉིས་ལ་སླེབས། དེ་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་སོ་གཅིག་ལྷག་ལ་སླེབས།