མཚོ་སྔོན་ཞིང་ཆེན་གྱིས་ཉིས་སྟོང་ཉེར་གཉིས་ལོར་ལག་རྩལ་གན་རྒྱ་བཞག་པའི་དངུལ་གྲངས་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་དྲུག་ལ་སླེབས།
2023.01.29 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 17

ཉིས་སྟོང་ཉེར་གཉིས་ལོར། མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་ཐིན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལས་འགན་བཀོད་སྒྲིག་དངོས་འབེབས་བཟང་བོ་བྱས་ཏེ། གསར་སྐྲུན་འདེད་སྐུལ་འཕེལ་རྒྱས་འཐབ་ཇུས་ལག་བསྟར་ནན་མོ་བྱས་པ་དང་། ལག་རྩལ་གཞན་སྒྱུར་དང་ཚན་རྩལ་གྲུབ་འབྲས་ལེགས་སྒྱུར་བྱ་བར་སྐུལ་འདེད་བཏང་། རིམས་ནད་འགོག་སྡོམ་སྐབས་སུ་དུས་ཐོག་ཏུ་ཉིས་སྟོང་ཉེར་གཉིས་ལོའི་མཚོ་སྔོན་ཞིང་ཆེན་ལག་རྩལ་གན་རྒྱ་ཁས་ལེན་མིང་འགོད་བྱ་བ་བཟང་བོར་སྒྲུབ་པའི་སྐོར་གྱི་བརྡ་ཐོ་འགྲེམ་སྤེལ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ཁེ་ལས་ལས་དོན་ལས་ཁུངས་ཀྱིས་ལག་རྩལ་གན་རྒྱ་འཇོག་དགོས་པ་དང་ཅིས་ཀྱང་བཞག་ནས། ཁེ་ལས་ཀྱི་ལག་རྩལ་གན་རྒྱ་ཁས་ལེན་མིང་འགོད་བརྩོན་སེམས་གང་ལེགས་སྒོས་སྐུལ། ལག་རྩལ་གཞན་སྒྱུར་བྱ་བར་སྐུལ་འདེད་གཏོང་ཆེད། ཞིང་ཆེན་ནོར་སྲིད་ཐིན་དང་མཉམ་དུ་མཚོ་སྔོན་ཞིང་ཆེན་གྱི་ལག་རྩལ་གཞན་སྒྱུར་བྱ་དགའི་ཁ་གསབ་མ་དངུལ་སྟེར་བའི་ལག་བསྟར་ཞིབ་ཕྲའི་སྲོལ་ཡིག་གཏན་འཁེལ་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ལག་རྩལ་ཚོང་རའི་གཞན་སྒྱུར་ལེགས་སྒྱུར་སྟེགས་བུའི་འཛུགས་སྐྲུན་ཇུས་གཞི་གཏན་འཁེལ་བྱས་ནས་མུ་མཐུད་དུ་ལག་རྩལ་ཚོང་རའི་སྟེགས་བུའི་འཛུགས་སྐྲུན་ལ་ལ་ཤུགས་བསྣན། ལོ་གཅིག་གི་རིང་ལ། ཞིང་ཆེན་ཡོངས་ཀྱི་ལག་རྩལ་བརྗེ་རེས་སྤྱི་གྲངས་བརྟན་བརླིང་སྒོས་འཕར་སྣོན་བྱུང་ཞིང་། བསྡོམས་པས་ལག་རྩལ་བརྗེ་རེས་གན་རྒྱ་འཇོག་པའི་ལས་གཞི་སྟོང་གཅིག་དང་བརྒྱ་དང་སོ་གསུམ་མིང་བཀོད་པ་དང་། ལག་རྩལ་གན་རྒྱ་བཞག་པའི་དངུལ་གྲངས་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་དྲུག་ལ་སླེབས་ཤིང་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་བཅུ་གསུམ་ལྷག་འཕར་སྣོན་བྱུང་།

གོ་རིམ་རྗེས་མར་མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིན་གྱིས་ལག་རྩལ་གཞན་སྒྱུར་དཔེ་སྟོན་སྒྲིག་གཞི་དང་ལག་རྩལ་བར་ཁེ་པའི་བརྩོན་སེམས་གང་ལེགས་སྒོས་སྐུལ་ཏེ། ལག་རྩལ་བརྗེ་རེས་བྱ་དགའི་ཁ་གསབ་མ་དངུལ་གྱི་སྣེ་ཁྲིད་ནུས་པ་ཇེ་ཆེར་གཏོང་བ་དང་། ལག་རྩལ་བརྗེ་རེས་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ། ཚན་རྩལ་གྲུབ་འབྲས་ལེགས་སྒྱུར་ཕྲེང་འབྲེལ་གེགས་མེད་ཡོང་བར་བྱས་ནས། ཞིང་ཆེན་ཡོངས་ཀྱི་ལག་རྩལ་གན་རྒྱ་ཁས་ལེན་མིང་འགོད་བྱ་བ་བརྟན་འཇགས་སྒོས་མཐོར་འདེགས་འབྱུང་བར་རོགས་འདེགས་བྱེད་རྒྱུ་རེད།

                                                                                                     བཀྲ་ཤིས་འབུམ་གྱིས་བསྒྱུར།