ལོ་སར་སྐབས་སུ་ཞིང་ཆེན་ཡོངས་སུ་བསྡོམས་པས་འགྲུལ་བ་མི་ཐེངས་འབུམ་བདུན་དང་ཁྲི་དྲུག་ལྷག་བསྐྱལ།
2023.01.29 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 14

ཟླ་དང་པོའི་ཚེས་ཉེར་བརྒྱད་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ལོ་སར་སྐབས་སུ་ཞིང་ཆེན་ཡོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་ཀྱིས་གཅིག་གྱུར་སྒོས་མཐུན་སྦྱོར་བྱས་པ་དང་བཀོད་སྒྲིག་ཞིབ་མོ་བྱས་ནས། མི་དམངས་མང་ཚོགས་ཀྱི་བདེ་འཇགས་འགྲོ་འོང་ནུས་ལྡན་སྒོས་འགན་སྲུང་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་བདེ་འཇགས་གནས་བབ་ཡོངས་ཁྱབ་ཏུ་བརྟན་བརླིང་དང་གོ་རིམ་ལྡན་པ་རེད། བསྡོམས་རྩིས་བྱས་པ་ལྟར་ན། ལོ་སར་སྐབས་སུ་ཞིང་ཆེན་ཡོངས་ཀྱི་གཞུང་ལམ་དང་ལྕགས་ལམ། མཁའ་སྐྱོད་བཅས་ཀྱིས་བསྡོམས་པས་འགྲུལ་བ་མི་ཐེངས་འབུམ་བདུན་དང་ཁྲི་དྲུག་ལྷག་བསྐྱལ།

ད་ལོའི་ལོ་སར་སྐབས་སུ་འགྲུལ་བ་འཁོར་རྒྱུག་ཆེ་བ་དང་དངོས་རྫས་སྐྱེལ་འདྲེན་འགན་སྲུང་ལས་འགན་ལྗིད་ལ། བདེ་འཇགས་ཐོན་སྐྱེད་ཀྱི་ཉེན་ཁ་ཆེ་བ་སོགས་ཀྱི་གནོན་ཤུགས་ལ་དམིགས་ཏེ། ཞིང་ཆེན་ཡོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་ལས་ཁུངས་ཀྱིས་སྔ་སྣུར་སྒོས་བྱེ་བྲག་གི་བྱེད་ཐབས་གཏན་འཁེལ་བྱས་ཤིང་། གཞུང་ལམ་འཁོར་སྐྱོད་གནས་ཚུལ་ལ་དབྱེ་ཞིབ་དང་བརྡར་གཅོད་ནུས་པ་ཇེ་ཆེར་བཏང་བ་དང་། ལས་ཁུངས་བར་གྱི་མཐུན་སྦྱོར་རོགས་ལས་ལ་ཤུགས་སྣོན་ཞིང་འགྲུལ་སྐྱེལ་འགན་སྲུང་འཆར་འགོད་གཏན་འཁེལ་བྱས་པ་དང་། འགུལ་རྣམ་ལེགས་སྒྱུར་སྐྱེལ་ཤུགས་བཀོལ་སྒྲིག་བྱས་བར་མ་ཟད། སྟོབས་ཤུགས་ཡོད་རྒུ་བཏོན་ནས་ལོ་སར་སྐབས་ཀྱི་ལས་རིགས་བདེ་འཇགས་ཐོན་སྐྱེད་གནས་བབ་རྒྱུན་མཐུད་སྒོས་བརྟན་འཇགས་ཡིན་པ་འགན་སྲུང་བྱས།

བཀྲ་ཤིས་འབུམ་གྱིས་བསྒྱུར།