ཟླ་དང་པོའི་ཚེས་ཉེར་བརྒྱད་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ལུགས་རྙིང་ལོ་སར་སྐབས་སུ། ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་བདེ་འཇགས་ཀྱི་ཚད་མཐའ་བརྟན་སྲུང་བྱས་པ་དང་། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་བསྣན་ལ། ཉེ་དུས་ཀྱི་རྒྱལ་ནང་གི་དོན་རྐྱེན་ཐད་ཀྱི་བསླབ་བྱ་བསྡུ་ལེན་བྱས་པ་དང་། འགྲིམ་འགྲུལ་སྐྱེལ་འདྲེན་དང་གནས་སྐོར་ལྗོངས་རྒྱུ་ཁུལ། ས་གཤིས་གནོད་འཚེ། གཏེར་རི། ཉེན་ཆེ་རྫས་འགྱུར་དངོས་རྫས། ཤོག་སྦག གྲོང་གསེབ་ཀྱི་སོལ་རླངས། མེ་གསོད་མེ་འགོག་སོགས་གཙོ་གནད་ཁྱབ་ཁོངས་དང་ཉམས་ཞན་དུས་རིམ་ལ་དམ་དུ་དམིགས་ནས། སྟོབས་ཤུགས་ཡོད་རྒུས་མི་དམངས་མང་ཚོགས་ཀྱིས་སྤྲོ་སྐྱིད་བདེ་འཇགས་ཀྱི་ལོ་སར་ཞིག་རོལ་བར་འགན་སྲུང་བྱས། ལུགས་རྙིང་ལོ་སར་སྐབས་སུ། ཞིང་ཆེན་ཡོངས་སུ་ཅུང་ཆེན་པོ་དང་དེའི་ཡན་གྱི་ཐོན་སྐྱེད་བདེ་འཇགས་དོན་རྐྱེན་དང་རང་བྱུང་གནོད་འཚེ་མ་བྱུང་བ་དང་། བདེ་འཇགས་ཐོན་སྐྱེད་དང་རང་བྱུང་གནོད་འཚེའི་གནས་བབ་སྤྱི་ཁོག་ནས་བརྟན་བརླིང་ཡིན།
རྒྱུས་ལོན་བྱུང་བ་ལྟར་ན། ཟླ་དང་པོའི་ཚེས་ཉེར་གཉིས་ཉིན། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་མང་ངེ་གྲོང་ཁྱེར་དུ་རིམ་པ་གསུམ་དང་གྲངས་ཆུང་གསུམ་གྱི་ས་འགུལ་བྱུང་བ་དང་། ཟླ་དང་པོའི་ཚེས་ཉེར་གསུམ་ཉིན་དང་ཉེར་ལྔ་ཉིན་གཉིས་ལ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཆི་ལེན་རྫོང་དུ་སོ་སོར་རིམ་པ་གསུམ་དང་གྲངས་ཆུང་གཉིས་དང་རིམ་པ་གསུམ་གྱི་ས་འགུལ་བྱུང་ན་ཡང་། མི་སྣའི་འཆི་རྨས་དང་རྒྱུ་ནོར་ཀྱི་གྱོང་གུན་གཅིག་ཀྱང་མ་བྱུང་། ས་འགུལ་བྱུང་རྗེས། ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིན་གྱིས་ཞིང་ཆེན་ས་འགུལ་ཅུའུ་དང་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན་སོགས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་མཉམ་འབྲེལ་གྲོས་མོལ་དང་གནས་བབ་ལ་དབྱེ་ཞིབ་བྱས་ནས། ས་དེའི་འཕྲལ་བསྟུན་དང་ས་འགུལ་སྡེ་ཁག་གིས་གནོད་ཐེབས་གནས་ཚུལ་ལ་བརྟག་བཤེར་དང་ཞིབ་བསྡུར་བྱེད་པར་མཛུབ་སྟོན་བྱས་པ་དང་། དུས་ཐོག་ཏུ་ཆེས་གསར་བའི་གནས་ཚུལ་ཡར་ཞུ་བྱས་ཏེ། འཕྲལ་བསྟུན་མྱུར་སྐྱོབ་ཐད་ཀྱི་གྲ་སྒྲིག་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབས།
ལོ་སར་སྐབས་སུ། ཞིང་ཆེན་ཡོངས་ཀྱི་ཞིང་ཕྱུགས་ནགས་གསུམ་དང་ཉ་ལས། གཏེར་འདོན་ལས་རིགས། ཉོ་ཚོང་བཟོ་སྐྲུན་ལས་རིགས། བཟོ་སྐྲུན་ལས་རིགས། ཉར་གསོག་ལས་རིགས། མི་སྣ་འདུ་རུབ་ཡུལ་གནས་དང་གནས་སྐོར། ཆུ་འདོན། གློག རླངས་དྲོད་སོགས་ལས་རིགས་ཡོད་ཚད་ནས་ཐོན་སྐྱེད་བདེ་འཇགས་དོན་རྐྱེན་གཅིག་ཀྱང་མ་བྱུང་། ཟླ་དང་པོའི་ཚེས་ཉེར་བདུན་ཉིན་གྱི་ཕྱི་དྲོའི་དུས་ཚོད་ལྔའི་བར་དུ། ཞིང་ཆེན་ཡོངས་ཀྱི་སྡེ་ཁག་སོ་སོས་བདེ་འཇགས་ཞིབ་བཤེར་ཐེངས་ཁྲི་གཅིག་དང་སྟོང་བརྒྱད་དགུ་བརྒྱ་ཉེར་ལྔ་སྤེལ་བ་དང་། ཁེ་ལས་སྟོང་བཞི་དང་སུམ་བརྒྱ་རེ་དྲུག་ལ་ཞིབ་བཤེར་བྱས་ལ། ཉེན་ཁ་སྟོང་གསུམ་བཞི་བརྒྱ་དང་གསུམ་རྟོག་སེལ་བྱས། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་ལམ་ངོས་ཁྲིམས་འཛིན་ཉེན་རྟོག་པ་སྟོང་བཞི་དང་ཉིས་བརྒྱ་རེ་ལྔ་མངག་གཏོང་བྱས་པ་དང་། འགྲིམ་འགྲུལ་ཁྲིམས་འཛིན་ས་ཚིགས་བདུན་ཅུ་བཙུགས་ལ། གནས་སྐབས་ལས་རེས་བྱེད་ས་རེ་ལྔ་བཙུགས་པ་དང་། རིགས་མི་འདྲ་བའི་འགྲིམ་འགྲུལ་ཁྲིམས་འགལ་སྤྱོད་ཚུལ་སྟོང་གཉིས་དང་ལྔ་བརྒྱ་རེ་ལྔར་ཞིབ་བཤེར་ཐག་གཅོད་བྱས་ནས། གཞུང་ལམ་གེགས་མེད་ཡོང་བར་འགན་སྲུང་བྱས། ཞིང་ཆེན་ས་འགུལ་ཅུའུ་ཡིས་རྒྱུན་མཐུད་ངང་ས་འགུལ་ཐད་ཀྱི་ལྟ་ཞིབ་སྤེལ་བ་དང་། ཞིང་ཆེན་ཡོངས་ས་འགུལ་གནས་ཚུལ་གྱི་ལྟ་ཞིབ་རྗེས་འདེད་དང་དབྱེ་ཞིབ་བརྡར་གཅོད་བྱ་བ་ནན་ཏན་སྒོས་བསྒྲུབས། ཞིང་ཆེན་གནམ་གཤིས་བརྟག་དཔྱད་ཅུའུ་ཡིས་ནམ་ཟླའི་འགྱུར་ལྡོག་ལ་ཧ་ཅང་མཐོང་ཆེན་བྱས་ནས། དུས་ཐོག་ཏུ་གནམ་གཤིས་སྔོན་བརྡ་དང་ཉེན་བརྡའི་ཆ་འཕྲིན་བསྒྲགས།