མཚོ་སྔོན་གྱིས་ཆེས་དམའ་བའི་ཟླ་ཕོགས་ཀྱི་ཚད་གཞི་ཇེ་མཐོར་བཏང་།
2023.01.30 ཁུངས། ཀློག་གྲངས། 22

ཟླ་དང་པོའི་ཚེས་ཉེར་དགུ་ཉིན།   གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་ལམ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡིས་ཆོག་མཆན་བཀོད་ཅིང་། ཞིང་ཆེན་མི་དམངས་སྲིད་གཞུང་གིས་བརྡ་སྦྱོར་བཏང་ནས། ཉིས་སྟོང་ཉེར་གསུམ་ལོའི་ཟླ་གཉིས་པའི་ཚེས་གཅིག་ཉིན་ནས་བཟུང་ཆེས་དམའ་བའི་ཟླ་ཕོགས་ཀྱི་ཚད་གཞི་སྙོམ་སྒྲིག་བྱས། ཞིང་ཆེན་ཡོངས་ཀྱི་ད་ལྟའི་ཆེས་དམའ་བའི་ཟླ་ཕོགས་ཀྱི་ཚད་སྒོར་ཆིག་སྟོང་བདུན་བརྒྱ་ནས་ཆིག་སྟོང་བརྒྱད་བརྒྱ་བརྒྱད་བཅུ་ལ་སྤར། དུས་ཚོད་རེར་སྒོར་བཅོ་ལྔ་དང་ཟུར་གཉིས་ཀྱི་ཚད་གཞི་དེ་སྒོར་བཅོ་བརྒྱད་ལ་སྤར། ཟླ་རེའི་ཆེས་དམའ་བའི་ཟླ་ཕོགས་དེ་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་ལས་ཞུགས་ངལ་རྩོལ་པ་དག་ལ་འཚམ་ཞིང་། དུས་ཚོད་རེའི་ཆེས་དམའ་བའི་ཟླ་ཕོགས་དེ་ཉིན་ཧྲིལ་བོའི་ལམ་ལུགས་མ་ཡིན་པའི་ལས་ཞུགས་ངལ་རྩོལ་པ་ལ་འཚམ།

ཐེངས་འདིའི་སྙོམ་སྒྲིག་ནི་མཚོ་སྔོན་ཞིང་ཆེན་གྱིས་གཅིག་དགུ་གོ་ལྔ་ལོར་ཟླ་ཕོགས་ལམ་ལུགས་བཙུགས་པ་ནས་བཟུང་། ཆེས་དམའ་བའི་ཟླ་ཕོགས་ཀྱི་ཚད་གཞི་ཇེ་མཐོར་གཏོང་ཐེངས་བཅུ་གཅིག་པ་རེད། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་དུས་བསྟུན་སྙོམ་སྒྲིག་གི་རྩ་དོན་གཞིར་བཟུང་ནས། ཆེས་དམའ་བའི་ཟླ་ཕོགས་ལམ་ལུགས་ཀྱི་བྱེད་ནུས་གནས་ཁུལ་དམ་འཛིན་ཡང་དག་བྱས་ནས། ཞིང་ཆེན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ཁེ་ལས་ལས་བཟོ་བའི་མ་རྩའི་ཐེག་ཤུགས་ཀྱི་དགོངས་མཁོ་ལ་གཅིག་གྱུར་འཆར་འགོད་བྱས་ཤིང་། མཐའ་འཁོར་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆུ་ཚད་ལ་བསྡུར་བ་བྱས་ནས། འབྲེལ་ཡོད་སྡེ་ཁག་གིས་ཐེངས་མང་པོར་རྟོག་ཞིབ་བྱས་པ་བརྒྱུད་ནས། ཡོང་འབབ་དམའ་བའི་ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་དང་། ཞིང་ཆེན་ཡོངས་ཀྱི་འཆམ་མཐུན་སྤྱི་ཚོགས་བརྟན་འཇགས་ཀྱི་ཕྱོགས་སུ་སྐུལ་འདེད་བཏང་།

སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།