ཟླ་དང་པོའི་ཚེས་ཉེར་བརྒྱད་ཉིན། གསར་འགོད་པས་ཀྲུང་གོའི་རྡོ་སྣུམ་མཚོ་སྔོན་སྣུམ་ཞིང་ཡན་ལག་ཀུང་ཟི་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་སྣུམ་ཞིང་རང་བྱུང་སོལ་རླངས་ཉིན་ཐོན་ནུས་པའི་ཐད་ནས་ཆེས་མཐོ་བའི་ཐོན་ཚད་རྒྱུན་འཁྱོངས་བྱས་པ་དང་། ལུགས་རྙིང་ལོ་སར་སྐབས་སུ་བསྡོམས་པས་རང་བྱུང་སོལ་རླངས་རྨིད་གྲུ་བཞི་ལྷམ་པ་དུང་ཕྱུར་གཅིག་དང་བྱེ་བ་གཅིག་ས་ཡ་དགུ་ཐོན་སྐྱེད་བྱས་ནས། ཞིང་ཆེན་ཡོངས་ཀྱི་སྡོད་དམངས་ཀྱིས་དྲོད་ཁོལ་ལྡན་པའི་ལོ་སར་རོལ་བར་འགན་སྲུང་བྱས།
རླངས་ཞིང་གསོག་ཚད་བརྗེ་སྤོར་མི་འདང་བ་དང་ཐོན་སྐྱེད་ནུས་པ་ལོ་རེ་བཞིན་ཇེ་དམའ་རུ་འགྲོ་བ། རིམས་ནད་དང་ཆུ་ལོག ཐོན་ཚད་དམའ་བ་སོགས་གནོད་རྐྱེན་ལ་ཁ་གཏད་དེ། མཚོ་སྔོན་སྣུམ་ཞིང་གིས་རིམ་པ་བཞིན་ཇེ་ཉུང་དུ་འགྲོ་བར་ཚོད་འཛིན་བྱེད་པ་དང་ཐོན་སྐྱེད་འཛུགས་སྐྲུན་ལེགས་སྒྱུར་བྱེད་པ། དགུན་ཁའི་མཁོ་འདོན་ལ་འགན་སྲུང་བྱེད་པ། ཕན་འབྲས་བརྟན་འཇགས་སུ་གཏོང་བའི་སྤྱིའི་དགོངས་གཞི་ཁོང་དུ་ཆུད་པར་བྱས་པ་དང་། གནོན་ཤུགས་གདོང་གིས་བསུས་ནས་མདུན་དུ་བསྐྱོད་པ་དང་ཐབས་བརྒྱ་ཇུས་སྟོང་གིས་ཐོན་ཚད་མཐོར་འདེགས་བཏང་ལ། ཐོན་ཚད་བསྟུད་མར་ལོ་བཅུ་གཉིས་རིང་ལ་རྨིད་གྲུ་བཞི་ལྷམ་པ་ཐེར་འབུམ་དྲུག་ཡན་རྒྱུན་འཁྱོངས་བྱས་ནས། རང་བྱུང་སོལ་རླངས་ཀྱི་རྨང་རྡོའི་ནུས་པ་འདོན་སྤེལ་བྱས།
དགུན་དུས་ཀྱི་མཁོ་འདོན་ལ་འགན་སྲུང་བྱེད་པའི་གནད་འགག་དུས་སྐབས་སུ། མཚོ་སྔོན་སྣུམ་ཞིང་གིས་ནམ་ཡང་མཁོ་འདོན་ལ་འགན་སྲུང་བྱེད་རྒྱུ་དེ་ཆབ་སྲིད་ལས་འགན་དུ་བརྩིས་ནས་དམ་འཛིན་བྱས་པ་དང་། མཁོ་འདོན་ལ་འགན་སྲུང་བྱེད་པའི་ཆེད་དོན་ཚན་ཁག་བཙུགས་ལ། ཆེད་མཁས་པ་དང་འགན་ནུས་སྡེ་ཁག ལག་རྩལ་རྐང་འཛིན་པ་བཅས་རྩ་འཛུགས་བྱས་ནས་ཡུལ་དངོས་སུ་མངག་པ་དང་། སྔོན་དུ་དགུན་དུས་ཀྱི་མཁོ་འདོན་འགན་སྲུང་ལག་བསྟར་ཇུས་གཞི་རྩོམ་སྒྲིག་བྱས་ནས། ཐོན་ཚད་འགན་ཁུར་མིའི་སྟེང་བཀོད་སྒྲིག་བྱས་པ་དང་། བྱེད་ཐབས་ཀྱི་སྲུང་སྐྱོང་དང་སྒྲིག་ཆས་འཁོར་རྒྱུག་སོགས་རིམ་འདེགས་དོ་དམ་བྱེད་པར་སྐུལ་འདེད་བཏང་། ཁྲོན་གསར་དང་བྱེད་ཐབས། སྒྲིག་ཆས། བཟོ་སྐྲུན་སོགས་ཕྱོགས་ནས་ཤུགས་བཏོན་ནས། དགུན་དུས་ཀྱི་མཁོ་འདོན་ལ་འགན་སྲུང་བྱེད་པའི་ཐོན་ཚད་ཀྱི་རྨང་གཞི་བརྟན་པོ་བཏིངས།
ཉེ་བའི་ལོ་འགའི་རིང་། རླངས་སྣུམ་གསོག་ཚད་ཇེ་ཉུང་དུ་སོང་བ་དང་འཛུགས་སྐྲུན་ཐོན་སྐྱེད་ཐད་ཀྱི་དཀའ་ཁག་ལོ་རེ་བཞིན་ཇེ་ཆེར་འགྲོ་བའི་གནས་བབ་ལ་ཁ་གཏད་དེ། མཚོ་སྔོན་སྣུམ་ཞིང་གིས་ཕན་འབྲས་ལྡན་པའི་འཛུགས་སྐྲུན་ཐོན་སྐྱེད་འདུ་ཤེས་རྒྱུན་འཁྱོངས་བྱས་པ་དང་། ཐོན་ནུས་ཀྱི་ལས་གཞིའི་མཛོད་བཙུགས་ལ། ཁུལ་ཁོངས་བཀོད་སྒྲིག་ལེགས་སྒྱུར་བྱས་ནས། གོ་རིམ་གྱི་དོ་དམ་ཚོད་འཛིན་ཇེ་དྲག་ཏུ་བཏང་།