ཟླ་དང་པོའི་ཚེས་སོ་གཅིག་ཉིན། རྨ་འབྲི་རྫ་གསུམ་མགོ་ཁུངས་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་དང་སྐྱེ་ཁམས་ཁོར་ཡུག་པུའུ་རྨ་ཆུའི་བཞུར་ཁོངས་སྐྱེ་ཁམས་ཁོར་ཡུག་ལྟ་སྐུལ་དོ་དམ་ཅུའུ་གཉིས་ཀྱིས་རྨ་ཆུའི་མགོ་ཁུངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་མཉམ་ལས་ལ་མཉམ་དུ་སྐུལ་འདེད་གཏོང་བའི་བསམ་འཆར་སྟེང་མིང་བཀོད་ནས། རྨ་ཆུའི་བཞུར་ཁོངས་དང་ཁུལ་ཁོངས་གཙོ་བོའི་སྐྱེ་ཁམས་ཁོར་ཡུག་མཐུན་སྦྱོར་སྲུང་སྐྱོབ་བྱ་བར་མཉམ་དུ་འཆར་འགོད་བྱས།
ཕྱོགས་གཉིས་ཀྱི་བྱ་བའི་འགན་ནུས་ལྟར། རྨ་ཆུའི་བཞུར་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ལྟ་སྐུལ་དོ་དམ་ཅུའུ་ཡིས་རྨ་ཆུའི་མགོ་ཁུངས་ཀྱི་ཆུའི་ཐོན་ཁུངས་དང་ཆུའི་སྐྱེ་ཁམས། ཆུའི་ཁོར་ཡུག་ཕྱོགས་ཀྱི་གཅིག་གྱུར་འཆར་འགོད་དང་སྐྱེ་ཁམས་ཁོར་ཡུག་ལྟ་སྐུལ་དོ་དམ་ལ་སྐུལ་འདེད་བཏང་སྟེ། རྨ་ཆུའི་མགོ་ཁུངས་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱེད་པ་དང་མཐོ་སྒང་གི་སྐྱེ་ཁམས་མ་ལག་ཉམས་གསོ་བྱེད་པ། སྐྱེ་ཁམས་ཁ་གསབ་རྐྱེན་སྲོལ་འཛུགས་སྐྲུན་སོགས་ཕྱོགས་སུ་རྒྱབ་སྐྱོར་དང་མཛུབ་སྟོན་བྱེད་པ་དང་། རྨ་ཆུའི་མགོ་ཁུངས་ཀྱི་ལས་གཞི་གཙོ་བོ་འཛུགས་སྐྲུན་བྱེད་པའི་སྔ་གཞུག་གི་ལྟ་སྐུལ་དོ་དམ་དང་གཙང་བོ་དང་མཚོའུ་འགྲམ་རྒྱུད་གསར་སྤེལ་བྱེད་པའི་སྐྱེ་ཁམས་ཁོར་ཡུག་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱུ་ཡིན་ལ། བཞུར་ཁོངས་སྐྱེ་ཁམས་ཁོར་ཡུག་ཚན་ཞིབ་སྒྲིག་གཞི་དང་ཚན་རྩལ་སྟེགས་བུས་རྨ་འབྲི་རྫ་གསུམ་མགོ་ཁུངས་ཀྱི་རྨ་ཆུའི་མགོ་ཁུངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ལྟ་ཞིབ་ཚད་ལེན་དང་དཔྱད་འཇོག་བྱ་བར་རྒྱབ་སྐྱོར་བྱེད་པར་སྐུལ་མ་གཏོང་རྒྱུ། མཉམ་འབྲེལ་སྒོས་རྨ་ཆུའི་མགོ་ཁུངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པར་ཚན་རིག་དང་མཐུན་པར་རྟོག་ཞིབ་བྱེད་པ་དང་། མཐོ་སྒང་སྐྱེ་ཁམས་མ་ལག་ཉམས་གསོ་དང་མཚོ་ངོས་ལས་མཐོ་ཚད་ས་ཁུལ་གྱི་ཆུའི་བཙོག་བཟོ་བཅོས་སྐྱོང་། ནམ་ཟླའི་འགྱུར་ལྡོག་གིས་སྐྱེ་ཁམས་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་པར་དཔྱད་འཇོག་བྱེད་པ། སྐྱེ་ཁམས་ཁ་གསབ་རྐྱེན་སྲོལ་འཛུགས་པ་སོགས་ཕྱོགས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་བཏང་ནས། ཁྱད་སྟོབས་ཐོན་ཁུངས་ལེགས་སྒྲིག་བྱེད་པ་དང་ལག་རྩལ་རོགས་སྐྱོར་བཟང་བོ་སྒྲུབ་རྒྱུ་རེད།
རྨ་འབྲི་རྫ་གསུམ་མགོ་ཁུངས་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡིས་འགན་ནུས་དང་ད་ཡོད་ཀྱི་བྱ་བའི་རྨང་གཞི་ལྟར། རྨ་ཆུའི་མགོ་ཁུངས་ཀྱི་སྐྱེ་ཁམས་ཞིབ་བཤེར་དཔྱད་འཇོག་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ། སྐྱེ་ཁམས་ཉམས་གསོ་དང་བཅོས་སྐྱོང་། ལྟ་སྐུལ་དོ་དམ་སོགས་ཕྱོགས་ཀྱི་རྒྱུ་ཆ་གཅིག་སྡུད་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། རྨ་ཆུའི་མགོ་ཁུངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་བསམ་འཆར་དང་སྐྱེ་དངོས་སྣ་མང་རང་བཞིན་ལ་དཔྱད་འཇོག་བྱེད་པའི་གྲོས་གཞི་འདོན་རྒྱུ་ཡིན་ལ། རྨ་ཆུའི་བཞུར་ཁོངས་ཀྱི་སྐྱེ་ཁམས་གནས་ཚུལ་ལ་ཞིབ་བཤེར་དཔྱད་འཇོག་དང་ལག་རྩལ་བརྗེ་རེས། གྲུབ་འབྲས་ཞིབ་བསྡུར་བློ་འདྲི་སོགས་ཀྱི་བྱ་བའི་ཁྲོད་དུ་ཞུགས་ནས། རྨ་འབྲི་རྫ་གསུམ་མགོ་ཁུངས་རྒྱལ་ཁབ་སྤྱི་གླིང་གི་རྨ་ཆུའི་མགོ་ཁུངས་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་ཞིབ་བཤེར་བྱེད་པ་དང་། རྩད་ཞིབ་རྟོག་ཞིབ་དང་སྤྱི་གླིང་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་འདོན་སྤྲོད་བྱེད་རྒྱུ་རེད།
བཀྲ་ཤིས་འབུམ་གྱིས་བསྒྱུར།