མཚོ་སྔོན་ཞིང་ཆེན་ཆུ་བེད་སྡེ་ཁག་གིས་སྟོབས་ཤུགས་ཡོད་རྒུས་ལུགས་རྙིང་ལོ་སར་སྐབས་ཀྱི་ཞིང་སྡེ་འབྲོག་ཁུལ་གྱི་ཆུ་འདོན་བདེ་འཇགས་ལ་འགན་སྲུང་བྱས།
2023.02.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 15

ལུགས་རྙིང་ལོ་སར་སྐབས་ཀྱི་ཐོན་སྐྱེད་འཚོ་བའི་ཆུ་བཀོལ་བདེ་འཇགས་ནི་རྒྱ་ཆེའི་ཞིང་སྡེ་འབྲོག་ཁུལ་གྱི་མང་ཚོགས་ཀྱི་ལོ་སར་བཟང་བོ་ཞིག་རོལ་བའི་གནད་འགག་ཡིན་པ་དང་། ཆུ་བེད་སྡེ་ཁག་གིས་ངེས་པར་དུ་བསྒྲུབ་དགོས་པའི་དམངས་ཚིས་དོན་དངོས་ཡིན། ཉེ་ལམ། ཕྱིར་ཞོར་ལས་སུ་སོང་བའི་མི་སྣ་ཕྱིར་ཕ་ཡུལ་དུ་ལོག་པ་དང་བསྟུན་ནས། ཞིང་སྡེ་འབྲོག་ཁུལ་གྱི་ཆུ་འདོན་ཐད་ནས་མི་སྣ་མང་བ་དང་དགོས་མཁོ་ཆེ་བ། རེ་བ་མཐོ་བའི་རྙོག་འཛིང་གནས་ཚུལ་ལ་ཐུག་ཡོད་པས། ལུགས་རྙིང་ལོ་སར་སྐབས་ཀྱི་ཞིང་སྡེ་འབྲོག་ཁུལ་གྱི་མང་ཚོགས་ཀྱིས་བདེ་འཇགས་ཀྱི་བཏུང་ཆུ་འཐུང་ཐུབ་པ་དང་སེམས་བདེ་བཏུང་ཆུ་འཐུབ་ཐུབ་པ་དང་། སྤྲོ་སྐྱིད་དང་བདེ་འཇགས་ཀྱི་དུས་ཆེན་ལ་རོལ་བར་ཁག་ཐེག་བྱེད་ཆེད། མཚོ་སྔོན་ཞིང་ཆེན་གྱི་རིམ་པ་སོ་སོའི་ཆུ་བེད་སྡེ་ཁག་གིས་ངོས་འཛིན་ཇེ་མཐོར་གཏོང་བ་དང་སྔ་མོ་ནས་བཀོད་སྒྲིག་བྱེད་པ། འགན་སྲུང་ནན་མོ་བྱེད་པ། དོ་སྲུང་ལ་ཤུགས་སྣོན་པ་བཅས་བྱས་ནས། རོང་འབྲོག་མང་ཚོགས་ཀྱི་ཆུ་བཀོལ་དགོས་མཁོ་ལ་འགན་སྲུང་བྱས།

རང་ཞིང་གི་ཆུ་བེད་སྡེ་ཁག་གིས་མི་དམངས་དཀྱིལ་སྙིང་འཛིན་པ་རྒྱུན་འཁྱོངས་བྱས་པ་དང་།  འགན་འཁྲི་འདུ་ཤེས་དང་ལོ་རྒྱུས་འདུ་ཤེས་ཇེ་དྲག་ཏུ་བཏང་ལ། ལུགས་རྙིང་ལོ་སར་སྐབས་དང་དྲོད་ཚད་དམའ་བའི་ནམ་ཟླའི་སྐབས་སུ་ཞིང་སྡེ་འབྲོག་ཁུལ་གྱི་ཆུ་འདོན་ལ་འགན་སྲུང་བྱེད་རྒྱུ་དེ་འབུར་ཐོན་གོ་གནས་སུ་བཞག་སྟེ། མཚོ་སྔོན་ཞིང་ཆེན་ཆུ་བེད་ཐིན་གྱི་སྟོབས་ཤུགས་ཡོད་རྒུས་ལུགས་རྙིང་ལོ་སར་སྐབས་ཀྱི་ཞིང་སྡེ་འབྲོག་ཁུལ་གྱི་ཆུ་འདོན་བདེ་འཇགས་ལ་འགན་སྲུང་བྱེད་པའི་སྐོར་གྱི་བརྡ་སྦྱོར་འགྲེམ་སྤེལ་བྱས་པ་དང་། ས་གནས་མི་དམངས་སྲིད་གཞུང་གི་གཙོ་གཞི་འགན་འཁྲི་དང་ཆུའི་སྲིད་འཛིན་གཙོ་འགན་སྡེ་ཁག་གི་ལས་རིགས་ལྟ་སྐུལ་དོ་དམ་འགན་འཁྲི་དང་ཆུ་འདོན་དོ་དམ་སྡེ་ཁག་གི་འཁོར་རྒྱུག་དོ་དམ་འགན་འཁྲི་གཏན་ཁེལ་གསལ་བོ་བྱས་ལ། ཚད་མཐའ་བསམ་བློ་དང་ཉེན་ཁ་འགོག་སྲུང་འདུ་ཤེ་ཇེ་དྲག་ཏུ་བཏང་བ་དང་། དགུན་དུས་ཀྱི་རྒྱུན་མཐོང་ཆུ་འདོན་གནད་དོན་ལ་གཙིགས་འཛིན་བྱས་ལ། སྔོན་དུ་ཁ་གཏད་འཇལ་བ་དང་བཀོད་སྒྲིག་ཆ་ཚང་བྱས་ཏེ། ཐབས་བརྒྱ་ཇུས་སྟོང་གིས་ཞིང་སྡེ་འབྲོག་ཁུལ་གྱི་ཆུ་འདོན་བཟོ་སྐྲུན་གྱི་ཆུ་ཁུངས་གཏན་འཇགས་ཡོང་བ་དང་ཆུ་སྦུག་གེགས་མེད་ཡོང་བ། ཆུ་འདོན་རྒྱུན་ལྡན་ཡིན་པར་ཁག་ཐེག་བྱས།

དེ་དང་མཉམ་དུ། ནམ་ཟླའི་འགྱུར་ལྡོག་ལ་དོ་སྣང་ཆེན་པོ་བྱས་པ་དང་། སྔ་མོ་ནས་ཆུ་འདོན་སྒྲིག་ཆས་དང་སྦུག་ལམ་འཁྱགས་འགོག་སྲུང་སྐྱོང་བྱེད་ཐབས་ལག་བསྟར་བཟང་བོ་བྱས་ལ། ཆུ་འདོན་འགན་སྲུང་འགུལ་རྣམ་ལྟ་ཞིབ་ལ་ཤུགས་བསྣན་པ་དང་། ཞིང་ཆེན་ཡོངས་ཀྱི་ཞིང་སྡེ་འབྲོག་ཁུལ་ང་གསུམ་གྱི་བཏུང་ཆུ་ལྟ་སྐུལ་ཁ་པར་བཀོལ་སྤྱོད་གནས་ཚུལ་དང་གཅིག་བསྡུས་རང་བཞིན་གྱི་ཆུ་འདོན་བཟོ་སྐྲུན་འཁོར་རྒྱུག་གནས་ཚུལ་ལ་ཞིབ་བཤེར་གསལ་བོ་བྱས་ལ། ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ཆུའུ་དང་ཏ་ཐུང་རྫོང་། སྟོང་སྐོར་རྫོང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་སོགས་ས་ཆར་སོང་ནས། ཆུ་མཛོད་ཀྱི་ཆུ་གནས་མཐོན་པོའི་འཁོར་རྒྱུག་དང་ཞིང་ཆུ་གཏོང་ཡུལ་ཞིག་གསོ་བདག་སྐྱོང་། ཆུ་རགས་འགོག་སྲུང་སོགས་བྱ་བ་གཙོ་བོར་དམིགས་ནས་ལྟ་ཞིབ་ཞིབ་བཤེར་སྤེལ་བ་དང་། ཆུ་བེད་བཟོ་སྐྲུན་བདེ་འཇགས་ངང་འཁོར་རྒྱུག་བྱེད་པ་དང་ཕན་འབྲས་རྒྱུན་ལྡན་ངང་འདོན་སྤེལ་བྱེད་པར་ཁག་ཐེག་བྱས།