ཡུས་ཧྲུའུ་ཡིས་སྐྱེ་ཁམས་སྲུང་སྐྱོབ་དང་མི་སྡོད་ཁོར་ཡུག་གི་སྤུས་ཚད་མཐོར་འདེགས་སུ་བཏང་། 
2023.02.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 8

ཉིས་སྟོང་ཉེར་གཉིས་ལོའི་ཚུན་ལ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱིས་ཀྲུང་ཧྭའི་ཆུ་མཛོད་ལ་སྲུང་སྐྱོབ་བྱེད་པར་དམིགས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འགན་འཁྲིའི་གསལ་ཁྲ་དཔར་འགྲེམས་བྱས་ནས་ཏང་སྲིད་འགན་གཅིག་དང་ལས་གནས་གཅིག་ལ་འགན་འཁྲི་གཉིས་ཡོད་པ་ལག་བསྟར་ནན་མོ་བྱས་ནས་ཕྱོགས་ཡོངས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱེད་ཐབས་གཙོ་བོ་དངོས་འབེབས་བྱས་པ་དང་། སྐྱེ་ཁམས་དཔལ་ཡོན་ཀྱི་མཐོ་ས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བས་མཛེས་སྡུག་ལྡན་པའི་སྐྱེ་ཁམས་ཤིག་ཀུན་གྱི་མིག་ལམ་དུ་མངོན།

ཡུས་ཧྲུའུ་ཁུལ་གྱིས་མགྱོགས་མྱུར་ངང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་མ་ལག་འཛུགས་སྐྲུན་བྱས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ལྗང་མདོག་ཐོན་ལས། ལྗང་མདོག་མཛད་སྤྱོད། ལྗང་མདོག་སྲིད་ཇུས་བཅས་ནང་དོན་གཙོ་བོར་བྱས་པའི་ལྗང་མདོག་ཇུས་གསར་འཚོལ་བཤེར་བྱས་ནས་དམིགས་འབེན་མ་ལག་དང་དཔྱད་ཞིབ་བྱེད་ཐབས། བྱ་དགའི་རྐྱེན་སྲོལ་བཅས་འཐུས་ཚང་དུ་བཏང་ནས་འཁྱགས་རོམ་དང་གངས་རི། མཚེའུ་དང་བརླན་ས། གྲང་ངར་ཆེ་བའི་སྤང་ལྗོངས་སོགས་སྐྱེ་ཁམས་མ་ལག་སྲུང་སྐྱོབ་ལ་གཅིག་འདོམས་བྱས།

གྲོང་གསེབ་དར་སྤེལ་དུ་གཏོང་དགོས་ན་སྐྱེ་ཁམས་སྡོད་གནས་ལ་འཚམ་དགོས་པའི་བླང་བྱ་ལྟར། གྲོང་ཁྱེར་དང་གྲོང་རྡལ། གྲོང་གསེབ། གཞུང་ལམ་གྱི་འགྲམ་རྒྱུད་བཅས་གཙོ་བོར་བཟུང་ནས་ཁུལ་ཁོངས་ཡོངས་སུ་གད་སྙིགས་མེད་པ་དང་། འགྱིག་རིགས་བཀག་འགོག་དང་གད་སྙིགས་ཉུང་འཕྲིའི་བཅོས་སྐྱོང་རྒྱུན་མཐུད་ངང་སྤེལ་ནས་རྒྱལ་ཡོངས་ཀྱི་གད་སྙིགས་མེད་པའི་གྲོང་ཁྱེར་བསྐྲུན་པའི་ཚོད་ལྟ་བརྟན་པོར་སྤེལ་ཏེ་ཕྱོགས་ཡོངས་ནས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་བྱེད་ཐབས་གཙོ་བོ་དངོས་འབེབས་བྱས་ནས་ཁུལ་ཡོངས་ཀྱི་བཙོག་བཟོའི་ཚད་བསྟུད་མར་མར་ཆག་པ་དང་གཙང་ཆུའི་སྤུས་ཚད་ནམ་ཡང་ལེགས་པའི་ཚད་དུ་རྒྱུན་འཁྱོངས་བྱས་པ་དང་ཡུས་ཧྲུའུ་ཁུལ་གྱི་ས་རྒྱུའི་ཁོར་ཡུག་གི་སྤུས་ཚད་སྤྱིའི་ཆ་ནས་བཟང་བར་མངོན། 

སྐྱེ་ཁམས་ཁོར་ཡུག་ཐད་ཀྱི་སྣ་འཛོམས་བཅོས་སྐྱོང་ལེགས་པར་སྤེལ་ནས་ཆུ་དང་མཚེའུའི་ཐད་ཀྱི་རྙོག་དྲ་བཞི་སེལ་བ་དང་ཁྱིམ་གཞིས་མཛེས་སྡུག་ལྡན་པར་བྱེད་པ། འབྲི་ཆུའི་ནང་ཉ་འཛིན་པར་བཀག་འགོག་བྱེད་པའི་འགུལ་སྐྱོད་བརྟན་འཇགས་ངང་སྤེལ་ནས་ཁུལ་ཁོངས་ཡོངས་སུ་གད་སྙིགས་མེད་པ་དང་། འགྱིག་རིགས་བཀག་འགོག་དང་གད་སྙིགས་ཉུང་འཕྲིའི་ཆེད་དོན་འགུལ་སྐྱོད་གོ་རིམ་ལྡན་པར་སྤེལ་བ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་དྲོད་འདོན་བཟོ་སྐྲུན་ལག་བསྟར་ནན་མོ་བྱས་ལ། རི་ཆུ་ནགས་ཞིང་དང་མཚེའུ། རྩྭ་ས། འཁྱགས་རོམ། བྱེ་མ་བཅས་གཅིག་གཞི་ཅན་ལ་སྐུལ་འདེད་བཏང་ནས་ནགས་ཇེ་མང་དུ་གཏོང་བ་དང་རྩྭ་ཆུ་ཇེ་རྒྱས་སུ་གཏོང་བ། ཚོགས་སྤྱི་ཇེ་མང་དུ་གཏོང་བའི་ཚད་ཐིག་ལོ་རེ་བཞིན་མཐོར་འདེགས་སུབཏང་། ལྗང་མདོག་མཐུན་སྦྱོར་དང་མཆམ་མཐུན་མཉམ་གནས་བརྗོད་གཞི་ཡིན་པའི་རྨ་འབྲི་རྫ་གསུམ་བཞུར་ཁོངས་ཀྱི་མཚོ་སྔོན་དང་བོད་ལྗོངས། སི་ཁྲོན། ཡུན་ནན་བཅས་ཀྱི་ཁུལ་དང་གྲོང་ཁྱེར་ལྔ་ཡི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་མཉམ་འབྲེལ་གྲོས་ཚོགས་བསྡུས་ནས་སྐྱེ་ཁམས་ཁོར་ཡུག་གི་ཁུལ་ཁོངས་བརྒལ་བའི་མཉམ་འགོག་མཉམ་སྡོམ་མཉམ་སྐྱོང་གི་གྲོས་མཐུན་བཀོད་དེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་འགོག་ར་རྒྱུན་མཐུད་ངང་སྲ་བརྟན་དུ་གཏོང་བ་དང་མི་སྡོད་ཁོར་ཡུག་གི་སྤུས་ཚད་མུ་མཐུད་མཐོར་འདེགས་སུ་བཏང་།

                                                                                                  མི་ཕམ་མགོན་པོས་བསྒྱུར།