མཚོ་སྔོན་ནགས་རྩྭའི་བཟོ་སྐྲུན་གྱི་ཡིག་ཚགས་དོ་དམ་དཔེ་སྟོན་རྟེན་གཞི་བཙུགས། 
2023.02.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 22

མཚོ་སྔོན་ནགས་རྩྭའི་བཟོ་སྐྲུན་གྱི་ཡིག་ཚགས་དོ་དམ་དཔེ་སྟོན་རྟེན་གཞི་དེ་ཟླ་གཉིས་པའི་ཚེས་དྲུག་ཉིན་མཚོ་སྔོན་སྐྱེ་ཁམས་བཟོ་སྐྲུན་ཡིག་ཚགས་དོ་དམ་ལྟེ་གནས་ནས་བཙུགས་པ་དང་། དམིགས་ཡུལ་ནི་སྔར་ལས་ལྷག་པའི་སྒོ་ནས་རང་ཞིང་གི་ནགས་རྩྭའི་ལས་གཞིའི་ཡིག་ཚགས་དོ་དམ་བྱ་བ་ཚད་ལྡན་དུ་གཏོང་བ་དང་། ཡིག་ཚགས་ཀྱི་ཚད་ལྡན་ཅན་དང་ལམ་ལུགས་ཅན། ཚད་གཞི་ཅན་བཅས་ལ་སྐུལ་འདེད་བཏང་སྟེ། ལས་གཞིའི་འཛུགས་སྐྲུན་གྱི་སྤུས་ཚད་དང་ཕན་འབྲས་སྔར་ལས་ཇེ་མཐོར་བཏང་ནས། རང་ཞིང་གི་ནགས་རྩྭའི་སྐྱེ་ཁམས་བཟོ་སྐྲུན་གྱི་འཛུགས་སྐྲུན་ལ་འགན་སྲུང་བྱེད་པའི་ཆེད་དུ་རེད། 

ལོ་མང་བོའི་རིང་ལ། མཚོ་སྔོན་གྱི་ནགས་རྩྭའི་ཁོངས་གཏོགས་ཀྱིས་ཐོག་མཐའ་བར་གསུམ་དུ་རྒྱལ་དོན་གྱི་ཆེ་ཕྱོགས་ཡིད་ལ་དམ་པོར་བཅངས་ཤིང་། རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པ་ཁྲིད་སྟོན་དུ་བྱས་ཏེ། རྒྱལ་ཁབ་འཕེལ་རྒྱས་ཀྱི་ཆེ་ཕྱོགས་ལ་ཟུང་འབྲེལ་དམ་པོ་བྱས་ཏེ། སྐྱེ་ཁམས་སླར་གསོ་དང་ཐོན་ཁུངས་སྲུང་སྐྱོབ། སྐྱེ་ཁམས་དམངས་ཕྱུག བཅོས་སྒྱུར་གསར་གཏོད་སོགས་བྱ་བ་སྣ་ཚོགས་ལ་གཅིག་འདོམས་ཀྱིསསྐུལ་འདེད་བཏང་བ་དང་། རང་བྱུང་ནགས་ཚལ་གྱི་སྲུང་སྐྱོབ་དང་རྨོ་སྐྱུར་ནགས་འཛུགས་རྩྭ་འདེབས། བརླན་སའི་སྲུང་སྐྱོབ་དང་སླར་གསོ། རྩྭ་སའི་སྲུང་སྐྱོབ་བཅོས་སྐྱོང་། བྱེ་འགྱུར་ཅན་གྱི་འགོག་བཅོས་སོགས་བཟོ་སྐྲུན་གཙོ་བོ་རབ་དང་རིམ་པ་གཏིང་ཟབ་ཏུ་ལག་བསྟར་བྱས་ནས། རྒྱལ་ཁབ་ཀྱི་འཐབ་ཇུས་ཆེན་མོ་ལག་བསྟར་བྱེད་ཆེད་སྟོབས་དང་ལྡན་པའི་སྐྱེ་ཁམས་ཀྱི་གཞོགས་འདེགས་འདོན་སྤྲོད་བྱས་པར་མ་ཟད། མཚོ་སྔོན་གྱི་ནགས་རྩྭའི་ལས་དོན་ལ་རྨང་གཞི་བརྟན་པོ་བཏིངས་ཡོད། 

སྐྱེ་ཁམས་བཟོ་སྐྲུན་གྱི་ཡིག་ཚགས་ནི་སྐྱེ་ཁམས་བཟོ་སྐྲུན་འཛུགས་སྐྲུན་ལས་གཞིའི་ཐོག་མའི་དུས་རིམ་ནས་ལེགས་འགྲུབ་བྱུང་ནས་ཞིབ་བཤེར་རྩིས་ལེན་བྱེད་པའི་བརྒྱུད་རིམ་ཧྲིལ་བོ་ཡིན་ཞིང་། ལས་གཞིའི་འཛུགས་སྐྲུན་དང་དོ་དམ་གྱི་ལས་རིམ་དང་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། ལས་གཞིའི་འཛུགས་སྐྲུན་དོ་དམ་གྱི་རྨང་གཞི་དང་རྒྱབ་རྟེན་གལ་ཆེན་ཞིག་ཡིན། བཟོ་སྐྲུན་དོ་དམ་ཆུ་ཚད་མཐོར་འདེགས་བྱེད་པའི་ལས་རིམ་གལ་ཆེན་ཞིག་ཡིན་པ་དང་། ལས་གཞི་ལེགས་འགྲུབ་བྱུང་ནས་ཞིབ་བཤེར་རྩིས་ལེན་བྱེད་པ་དང་བེད་སྤྱོད་བྱེད་པར་སྤྲོད་པ། ལས་གཞིའི་རྗེས་མཐུད་ཀྱི་དཔྱད་འཇོག་གི་རྒྱབ་རྟེན་གལ་ཆེན་དང་རྨང་གཞིའི་རྒྱུ་ཆ་ཡིན་པར་མ་ཟད། ཁྲིམས་འགལ་སྒྲིག་འགལ་གྱི་གནད་དོན་བྱུང་རྗེས་འབྲེལ་ཡོད་སྡེ་ཁག་གིས་བདེན་དཔང་ལེན་པའི་བརྒྱུད་རིམ་ཁྲོད་གལ་ཆེ་བའི་བདེན་དཔང་རྒྱུ་ཆ་གལ་ཆེན་ཞིག་ཡིན། 

ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ཡི་སྤྱི་ཁྱབ་བཟོ་སྐྲུན་པ་ཐེན་ཅན་གྱིས་བཤད་རྒྱུར། མཚོ་སྔོན་ནགས་རྩྭའི་བཟོ་སྐྲུན་ཡིག་ཚགས་དོ་དམ་དཔེ་སྟོན་རྟེན་གཞི་ནི་ལས་རིགས་ཀྱི་དམིགས་ཚད་ཡིན་པའི་ཆ་ནས། འབྲེལ་ཡོད་ལས་རིགས་སྡེ་ཁག་གི་བྱེད་སྒོའི་མཛུབ་སྟོན་འོག བཅའ་ཁྲིམས་དང་ཁྲིམས་སྲོལ། གཏན་འཁེལ་བཅས་སྣ་ཚོགས་ལ་བརྟེན་ནས། ཞབས་ཞུ་དང་ཡིད་རྟོན། སྤུས་ལེགས། ནུས་མཐོ་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་ནགས་རྩྭའི་ལས་གཞིའི་ཡིག་ཚགས་དོ་དམ་ལ་ཤུགས་སྣོན་བྱེད་པ་དང་། ནགས་རྩྭའི་བཟོ་སྐྲུན་གྱི་ཡིག་ཚགས་དོ་དམ་བྱ་བའི་མཛུབ་སྟོན་དང་ཞིབ་བཤེར་རྩིས་ལེན། གསོ་སྦྱོང་སོགས་ཀྱི་བྱ་བ་སྣ་ཚོགས་བཟང་བོར་སྒྲུབ་དགོས་ཟེར། 


བསོད་ནམས་ཚེ་རིང་གིས་བསྒྱུར།