མཚོ་སྔོན་ཞིང་ཆེན་གྱིས་རྩ་འཛུགས་བྱས་ཏེ་རྨ་ཆུའི་བཞུར་རྒྱུད་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་དགུའི་འཕྲལ་བསྟུན་རོགས་སྐྱོབ་བྱ་བའི་མཐུན་སྦྱོར་མཉམ་འབྲེལ་གྲོས་ཚོགས་ཐོག་མ་བསྡུས།
2023.02.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 24

ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། དོན་དངོས་འགུལ་སྐྱོད་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅིའི་རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོན་པོའི་འཕེལ་རྒྱས་སྐོར་གྱི་རྣམ་བཤད་གལ་ཆེན་ལག་བསྟར་བྱས་ཏེ། ཁུལ་ཁོངས་ཀྱི་བྲེལ་མྱུར་རོགས་སྐྱོབ་བྱ་བའི་མཐུན་སྦྱོར་ལ་ཤུགས་སྣོན་དང་། རྨ་ཆུའི་ཡུན་སྐྱོང་བདེ་འགོད་ལ་འགན་སྲུང་བྱེད་ཆེད། ཟླ་གཉིས་པའི་ཚེས་བཅུ་གསུམ་ཉིན། མཚོ་སྔོན་ཞིང་ཆེན་གྱིས་རྨ་ཆུའི་མགོ་ཁུངས་ཞིང་ཆེན་གྱི་ཆ་ནས་རྨ་ཆུའི་བཞུར་རྒྱུད་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་དགུའི་འཕྲལ་བསྟུན་རོགས་སྐྱོབ་བྱ་བའི་མཐུན་སྦྱོར་མཉམ་ལས་གྲོས་ཚོགས་ཐོག་མ་རྩ་འཛུགས་བྱས་ཏེ་བསྡུས། འཕྲལ་བསྟུན་དོ་དམ་པུའུ་དང་། རྨ་ཆུའི་ཞོད་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ། སི་ཁྲོན་དང་། ཀན་སུའུ། ཉིང་ཞ། ནང་སོག། ཧྲའན་ཞི། ཧྲན་ཞི། ཧི་ནན། ཧྲན་ཏུང་སོགས་ཞིང་ཆེན་གྱི་འཕྲལ་བསྟུན་དོ་དམ་ཐིན་དང་མཚོ་སྔོན་ཞིང་ཆེན་ཆུ་བེད་ཐིན། འགྲིམ་འགྲུལ་སྐྱེལ་འདྲེན་ཐིན། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་སོགས་ལས་ཁུངས་ཀྱི་མི་བརྒྱ་དང་བཞི་བཅུ་ལྷག་ཐེངས་འདིའི་གྲོས་ཚོགས་ལ་ཞུགས།

ཉིས་སྟོང་ཉེར་གཅིག་ལོའི་ཟླ་ལྔ་པར། ཞིང་ཆེན་དང་རང་སྐྱོང་ལྗོངས་དགུས་ཉིང་ཞ་རུ་རྨ་ཆུའི་བཞུར་རྒྱུད་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་དགུའི་འཕྲལ་བསྟུན་རོགས་སྐྱོབ་བྱ་བའི་མཉམ་འབྲེལ་གྲོས་ཆོད་བཀོད་དེ། རྨ་ཆུའི་བཞུར་རྒྱུད་ཀྱི་འཕྲལ་བསྟུན་རོགས་སྐྱོབ་བྱ་བའི་མཐུན་སྦྱོར་མཉམ་འབྲེལ་རྐྱེན་སྲོལ་དངོས་སུ་བཙུགས་པ་དང་། ཁུལ་ཁོངས་མཐུན་སྦྱོར་དང་ལེན་དང་རོགས་སྐྱོབ་ནུས་པ་སྔར་ལས་མཐོར་འདེགས་སུ་བཏང་ལ། གཅིག་གྱུར་བཀོད་འདོམས་དང་སྤྱོད་ཡོན་གཉིས་ལྡན། ཚོར་བ་རྣོན་པོ། གོང་འོག་མཉམ་འབྲེལ་བཅས་ཀྱི་འཕྲལ་བསྟུན་དོ་དམ་རྐྱེན་སྲོལ་སྔར་ལས་འཐུས་ཚང་དང་། རྨ་ཆུའི་བཞུར་རྒྱུད་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་འཕྲལ་བསྟུན་དོ་དམ་སྡེ་ཁག་གིས་ཕྱོགས་བསྡུས་མཐུན་སྦྱོར་ནུས་པ་ཧུར་ཐག་གིས་འདོན་སྤེལ་བྱས་ཏེ། འཕྲལ་བསྟུན་དོ་དམ་མ་ལག་གི་ནུས་པའི་དེང་རབས་ཅན་ལ་སྐུལ་འདེད་བཏང་ནས་རྨ་ཆུའི་ཡུན་སྐྱོང་བདེ་འགོད་ལ་འགན་སྲུང་བྱས།

རྒྱུས་ལོན་པ་ལྟར་ན། གྲོས་ཆོད་བཀོད་པ་ནས་བཟུང་སྟེ། རྨ་ཆུའི་བཞུར་རྒྱུད་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་དགུས་གནོད་འགོག་གནོད་སེལ་གནོད་སྐྱོབ་བྱ་བའི་གཞུང་ལུགས་གསར་བ་ལག་བསྟར་ཟབ་མོ་དང་། འཕྲལ་བསྟུན་ཆེན་པོ་དང་རིགས་ཡོངས་ཀྱི་གནོད་འཚེའི་བཀོད་འདོམས་མ་ལག་གི་རྣམ་པ་གསར་བ་ཧུར་ཐག་གིས་བསྐྲུན་ལ། མ་ལག་མཉམ་འཛུགས་དང་ཆ་འཕྲིན་བརྗེ་རེས། མཐུན་སྦྱོར་མཉམ་འབྲེལ་བཅས་རྒྱུན་འཁྱོངས་བྱས་ཏེ། རྩ་འཛུགས་མ་ལག་མཉམ་དུ་འཐུས་ཚང་དང་། འཕྲལ་བསྟུན་སྟོབས་ཤུགས་ལ་གཅིག་གྱུར་འཆར་འགོད། ཆེད་མཁས་པའི་དགེ་མཚན་འདོན་སྤེལ་དང་། འགན་སྲུང་བྱེད་ཐབས་དངོས་འབེབས་བྱས་ལ། གཏེར་རི་དང་ཉེན་ཁ་ཅན་གྱི་རྫས་འགྱུར་དངོས་རྫས། མཁའ་འགྲུལ་འཕྲལ་བསྟུན་རོགས་སྐྱོབ་སོགས་ཀྱི་རྟེན་གཞི་འཛུགས་སྐྲུན་ལ་བརྟན་པོའི་ངང་སྐུལ་འདེད་བཏང་བ་མ་ཟད། ཆུ་ལོག་འགོག་བཅོས་དང་། མཁའ་འགྲུལ། ཆ་འཕྲིན། གློག་ཤུགས། ས་གཤིས་གནོད་འཚེ་སོགས་ཀྱི་ཆེད་ལས་འཕྲལ་བསྟུན་གྱི་རོགས་སྐྱོབ་དཔུང་ཁག་བཙུགས་ཏེ། མྱུར་སྐྱོབ་གནོད་སྐྱོབ་རོགས་སྐྱོར་བྱ་བར་ནུས་པ་ལྡན་ཞིང་གོ་རིམ་ཡོད་པ་དང་ཕན་འབྲས་ལྡན་པས། གནོད་འཚེའི་དོན་རྐྱེན་ལ་མཉམ་འབྲེལ་གྱིས་ཁ་གཏད་འཇལ་བའི་ནུས་པ་ཇེ་ཆེར་ཕྱིན་ཡོད།

དེ་དང་མཉམ་དུ། གྲོས་ཚོགས་བསྡུས་པ་བརྒྱུད་དེ། ཞིང་ཆེན་དང་རང་སྐྱོང་ལྗོངས་དགུའི་འཕྲལ་བསྟུན་རོགས་སྐྱོབ་སྟོབས་ཤུགས་ཀྱི་མ་ལག་འཛུགས་སྐྲུན་བྱ་བར་སྔར་ལས་སྐུལ་འདེད་བཏང་སྟེ། ཕན་ཚུན་སློབ་སྦྱོང་དཔེ་ལྟ་དང་། ཞིབ་འཇུག་བརྗེ་རེས་ལ་ཤུགས་སྣོན། ཆ་འཕྲིན་ཐོན་ཁུངས་མཉམ་སྤྱོད། འཕྲལ་བསྟུན་སྟོབས་ཤུགས་ལ་གཅིག་གྱུར་བཀོད་འདོམས། འགན་སྲུང་བྱེད་ཐབས་དངོས་འབེབས། རྩ་འཛུགས་མ་ལག་མཉམ་དུ་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས། གནོད་འཚེའི་དོན་རྐྱེན་ལ་མཉམ་འབྲེལ་གྱིས་ཁ་གཏད་འཇལ་བའི་ནུས་པ་སྔར་ལས་ཇེ་ཆེར་བཏང་།

                                                                                               རིག་འཛིན་སྒྲོལ་མས་བསྒྱུར།